སྨོན་ལམ་ཚིག་མཛོད་ཆེན་མོའི་མཇུག་གཏམ།
མིག་སྔར་བོད་ཀྱི་སྐད་ཡིག་གཞིར་བྱས་པའི་ཆོས་དང་རིག་གཞུང་རྒྱུན་གནས་ཀྱི་ཐབས་ལམ་སྟེ། བརྡ་འཕྲིན་དུས་རབས་ཀྱི་རྗེས་ཟིན་པའི་ཁོར་ཡུག་ལེགས་པོ་ཞིག་བསྐྲུན་རྒྱུ་ནི་ཁ་ཚ་དགོས་གཏུགས་སུ་གྱུར་ཡོད། ཕ་མེས་ཤུལ་བཞག་གི་རྩ་ཆེན་རིག་གནས་སྲིད་པའི་གངས་རི་ལས་དཔངས་མཐོ་ལ། མཐའ་ཡས་རྒྱ་མཚོ་ལས་གཏིང་ཟབ་པ་འདི་ཉིད་དུས་རབས་འདི་དང་ཕྱི་མའི་ཕྱི་མ་སོགས་སུའང་། འཛམ་བུ་གླིང་ལ་དགོས་གལ་ཆེ་ངེས་སུ་མཐོང་བ་འདི། ང་ཚོའི་རེ་བ་དང་། སྤོབས་པ། གཟི་བརྗིད་ཡིན་ལ། བོད་མི་རིགས་ཀྱི་མཚོན་དོན་ངོ་མའང་ཡིན། དེས་ན་རྩ་ཆེའི་རིག་གཞུང་འདི་མི་ཉམས་རྒྱུན་འཛིན་དང་ཉམས་པ་སླར་གསོ་བྱ་རྒྱུ་ནི་ང་ཚོར་སྐྱེས་ཐོབ་ཀྱིས་འཁྲི་བའི་ལས་འགན་གཙོ་བོ་ཡིན་པ་སྨོས་ཅི་དགོས། དེ་ཡང་འབྱུང་འགྱུར་དུས་རབས་འཕེལ་རྒྱས་ཀྱི་ལམ་བུར་ཁ་ཕྱོགས་དགོས་པ་ལས། ཡོད་མདོག་དང་ཡིན་མདོག་གིས་ང་ཚོར་ཕམ་ཉེས་གཏོང་བཞིན་པ་འདས་པའི་ལོ་རྒྱུས་དང་ད་ལྟའི་གནས་བབ་བཅས་ཀྱིས་ར་སྤྲོད་གསལ་པོར་བྱས་ཡོད།
འདིའི་བརྒྱུད་རིམ་ཁྲོད་སྨོན་ལམ་བོད་ཀྱི་བརྡ་འཕྲིན་ཞིབ་འཇུག་ཁང་གིས་ལས་གཞི་འདི་ཚད་ལྡན་ཡོང་སླད་སྨོན་ལམ་ཚིག་མཛོད་ཆེན་མོའི་རྒྱལ་སྤྱིའི་སློབ་སྟོན་ལྷན་ཚོགས་བཙུགས་པ་དང་། དེ་བཞིན་བོད་ཕྱི་ནང་གི་མཁས་དབང་རྣམ་པར་སློབ་སྟོན་རིམ་པར་ཞུས་པ། རྒྱལ་སྤྱིའི་བོད་རིག་པའི་གྲོས་ཚོགས་ཐེངས་བཅུ་གསུམ་པ་དང་བཅུ་བཞི་པ་གཉིས་ཀྱི་ཚོགས་ཆེན་སར་རྒྱལ་སྤྱིའི་བོད་རིག་པའི་མཁས་དབང་དང་། ཞིབ་འཇུག་པ་རྣམས་ལ་ཚིག་མཛོད་ཀྱི་སྒྲོམ་གཞི་ངོ་སྤྲོད་དང་ལམ་སྟོན་རིམ་པར་ཞུས་ནས་ཚིག་མཛོད་ཀྱི་འགྲོ་ལུགས་དང་རྩོམ་སྒྲིག་བྱེད་ཕྱོགས་བཅས་གཏན་ལ་ཕབ་པ་ཞིག་ཡིན།
དེ་ལྟ་བུའི་གནས་བབ་འོག་ང་ཚོས་འགན་རང་ཐོག་ཏུ་བླངས་ཏེ། བོད་ཀྱི་རིག་གཞུང་དེང་རབས་ཀྱི་བརྡ་འཕྲིན་བརྒྱུད་ལམ་ཁྲོད་སྔོན་ཐོན་སྐད་ཡིག་རིག་གནས་གཞན་དང་འདྲ་བར་བཀོལ་སྤྱོད་དང་རྒྱུན་གནས་ཡོང་ཐབས་ལ་འབད་བཞིན་ཡོད་པའི་ནང་ནས། སྐབས་བབ་སྨོན་ལམ་ཚིག་མཛོད་ཆེན་མོ་ནི་ལས་འཆར་གཙོ་བོ་ཞིག་ཡིན། འོན་ཀྱང་ལས་འཆར་འདིའི་དམིགས་ཚད་ཆ་ཚང་ལེགས་འགྲུབ་ཡོང་བ་ལ་མ་མཐའ་ཡང་ཐ་སྙད་འབུམ་བཞི་ཙམ་ལ་འགྲེལ་བཤད་འཐུས་ཚང་དགོས་པས། སྡེ་ཚན་བྱེ་བྲག་པ་ཞིག་གིས་ལོ་ངོ་བརྒྱ་ལ་དཀའ་ལས་བརྒྱབ་ཀྱང་ཡོང་ཐམས་མེད་པ་ཞིག་ཡིན།
དེས་ན། བོད་ཀྱི་གཏམ་དཔེར། མང་པོས་བཀྱགས་ན་སྡོང་པོ་ཡང་། ཞེས་པའི་ལེགས་བཤད་འདིས་བསྟན་དོན་ལྟར། བོད་ཀྱི་ཆོས་བརྒྱུད་གྲུབ་མཐའ་ཁག་དང་། རིག་གཞུང་དང་འབྲེལ་བའི་སྡེ་ཚན་ཁག་དང་མཉམ་འབྲེལ་བྱ་རྒྱུ་ནི། ཐབས་ལམ་ལེགས་ཤོས་ཡིན་པར་བརྟེན་འདི་ནས་ལས་འཆར་བསྒྲིགས་ཏེ། ཆོས་བརྒྱུད་གྲུབ་མཐའ་ཁག་གི་བླ་ཆེན་རྣམ་པ། དེ་བཞིན་གནད་ཡོད་རྣམས་ལ་རིམ་པས་གསོལ་བ་བཏབ་པ་ན། བླ་ཆེན་རྣམས་ནས་བླ་མེད་ཀྱི་ཐུགས་ཁུར་ཆེར་བཞེས་ཐོག་རང་ཁོངས་རྩོམ་སྒྲིག་ཚོགས་ཆུང་གང་མང་བཙུགས་པ། དེ་བཞིན་རིག་གཞུང་དང་འབྲེལ་བའི་སྡེ་ཁག་གང་མང་ཞིག་གིས་ཀྱང་རོགས་རམ་བླ་མེད་གནང་དང་གནང་མུས་ཡིན།
མདོར་དྲིལ་ན། སྨོན་ལམ་བོད་ཀྱི་བརྡ་འཕྲིན་ཞིབ་འཇུག་ཁང་གིས་གཙོ་འགན་འོག་ལོ་ངོ་དགུ་ལྷག་རིང་རྩོམ་སྒྲིག་སྡེ་ཚན་ ༣༥ ཡི་རྩོམ་སྒྲིག་པ་ ༢༠༠ ལྷག་མཉམ་ཞུགས་ཀྱིས་རྩོམ་སྒྲིག་བྱས་པ་ཞིག་ཡིན།
ཚིག་མཛོད་ཚར་གཅིག་ལ་པོད་ ༡༤༨ དང་ཟུར་བཀོལ་པོད་ ༧༥ བཅས་པོད་ ༢༢༣ བདག་ཉིད་ཅན་ཞིག་ཡིན། འདི་ལ་ཚེག་བར་ ༦༤,༦༦༣,༡༢༡ ལྷག་ཡོད་པས་ལས་དོན་འདི་ནི། བོད་ཕྱི་ནང་གཉིས་དང་། ལྷག་པར་ཕྱི་ཡུལ་ནས་ཆོས་རིག་དང་འབྲེལ་བའི་མཉམ་ལས་རྒྱ་ཆེ་ཤོས་ཙམ་དུ་མ་ཟད། འཛམ་གླིང་ནང་ཚིག་མཛོད་ཆེ་ཤོས་ཤིག་བསྐྲུན་ཐུབ་པར་དགའ་སྤོབས་སྐྱེ་འོས་པ་ཞིག་ཅི་ལ་མིན།
ལས་འཆར་འདི་རྩ་བའི་ལོ་དགུའི་ལས་འཆར་ཞིག་ཡིན་ཞིང་། ལོ་གསུམ་རེའི་མཚམས་ནས་ནོར་བཅོས་དང་ཁ་སྐོང་ཡོང་སླད་འགྲེམ་སྤེལ་བྱ་རྒྱུའི་གསལ་བསྒྲགས་སྔོན་སོང་ལྟར། ཕྱི་ལོ་༢༠༡༥ ལོར་སྨོན་ལམ་ཚིག་མཛོད་ཆེན་མོ་ཐོན་རིམ་དང་པོ་མ་ཚིག་ཆིག་འབུམ་ལྷག་གིས་གྲུབ་པའི་མཉེན་ཆས་ལེགས་གྲུབ་བྱུང་བ་དང་། ཕྱི་ལོ་༢༠༡༨ ལོར་སྨོན་ལམ་ཚིག་མཛོད་ཆེན་མོ་ཐོན་རིམ་གཉིས་པ་མ་ཚིག་ཉིས་འབུམ་ལྷག་གིས་གྲུབ་པའི་མཉེན་ཆས་ལེགས་གྲུབ་བྱུང་། སླར་ཡང་ཕྱི་ལོ་༢༠༢༡ ལོར་སྨོན་ལམ་ཚིག་མཛོད་ཆེན་མོ་ཐོན་རིམ་གསུམ་པ་ལ་མ་ཚིག་སུམ་འབུམ་བདུན་ཁྲི་ཙམ་ལ་ཞུ་དག་དང་བསྐྱར་བཅོས། དྲ་ལམ་ཚིག་མཛོད་དང་མཉེན་ཆས་བསྐྱར་གསོ་བཅས་སྟབས་ཇེ་བདེ་དང་འཐུས་ཇེ་ཚང་དུ་བཏང་ཡོད་པ་འདིས། བོད་ཕྱི་ནང་གཉིས་གཙོ་བོར་གྱུར་པའི་བོད་རིག་པར་སློབ་གཉེར་བ་དང་། ཞིབ་འཇུག་པ། བོད་རིག་པར་དགའ་མོས་ཡོད་མཁན་བཅས་སྐྱེ་བོ་ས་ཡ་མང་པོར་ལེགས་སྐྱེས་ཀྱི་དོད་དུ་ཕུལ་ཐུབ་སོང་བ་འདི་གྲུབ་འབྲས་རླབས་ཆེན་ཞིག་ལ་ངོས་འཛིན་ཞུ་བཞིན་ཡོད།
ད་དུང་འདིར་ཆད་ལྷག་དང་། ཡིག་ནོར། དོན་ནོར་སོགས་གང་མང་ཡོད་པ་སྨྲོས་མེད་ཡིན་པས་དུས་ནས་དུས་སུ་བཟོ་བཅོས་བྱ་རྒྱུ་ནི། འདི་ག་སྨོན་ལམ་བརྡ་འཕྲིན་ཞིབ་འཇུག་ཁང་དང་འབྲེལ་ཡོད་རྩོམ་སྒྲིག་ཁང་བཅས་ཀྱིས་འགན་ལེན་ཞུ་རྒྱུ་ཡིན་པས་བསམ་འཆར་གང་ཡོད་འདོན་གནང་ཡོང་བའི་འབོད་སྐུལ་ཞུ་བཞིན་པ་ལགས།
ཐུགས་རྗེ་ཆེ་ཞུ།
ལས་གཞི་འདིར་༸སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དབུས་བོད་ཀྱི་ཆོས་བརྒྱུད་གྲུབ་མཐའ་ཁག་གི་བླ་ཆེན་རྣམས་ཀྱིས་དགོས་གལ་ཆེན་པོར་གཟིགས་ནས་རྒྱབ་སྐྱོར་བླ་མེད་གནང་བར་མ་ཟད།
བླ་ཆེན་རྣམས་ནས་རང་ཁོངས་རྩོམ་སྒྲིག་ཁང་ཟུར་འཛུགས་དང་འགྲོ་སོང་ཡང་རང་ཁོངས་ནས་ནར་གཏོང་གནང་།
དེ་བཞིན་བོད་ཕྱི་ནང་གི་མཁས་དབང་གང་མང་ཞིག་གིས་ལམ་སྟོན་གནང་བ། བོད་ཀྱི་སྨན་རྩིས་ཁང་ནས་སྨན་རྩིས་ཀྱི་ཡིག་ཆ་མཐུན་སྦྱོར་གནང་བ།
རྡ་ས་བོད་ཀྱི་དཔེ་མཛོད་ཁང་གི་བོད་ཡིག་སྡེ་ཚན་ནས་དཔྱད་གཞི་གང་དགོས་གཡར་བ། ཞིང་གཤེགས་ཀཿཐོག་དགེ་རྩེ་རིན་པོ་ཆེ་མཆོག་དང་། དེ་བཞིན་གཙོས་གསེར་ཁྲི་བསྟན་འཛིན་ཐུབ་བསྟན་རྒྱལ་མཚན་སེང་གེ། ཀཿཐོག་རིག་འཛིན་ཆེན་མོ། མགོ་ལོག་ཀཿཐོག་ལྕམ་སྤྲུལ་བློ་བཟང་རྒྱ་མཚོ། ཨ་ལགས་ཐཱ་ལ་རིན་པོ་ཆེ། ཨ་འདུས་བླ་མ་བསོད་ནམས་རིན་ཆེན། མཁན་པོ་ཚུལ་ཁྲིམས་རྣམ་དག མཁན་པོ་ཆོས་ཉིད་དོན་རྟོགས། ཡེ་ཤེས་དོན་ལྡན། དགེ་བཤེས་འཕྲིན་ལས། མཁན་པོ་ཚེ་རིང་བཀྲ་ཤིས། མཁན་པོ་ཀུན་དགའ། ཨ་ཁུ་ཀུན་དགའ། ཨ་ཁུ་བློ་བཟང་ཕུན་ཚོགས། རྭ་རྒྱ་བློ་དབང་སོགས་ཀྱིས་རོགས་རམ་བླ་མེད་གནང་བ། མགོ་ལོག་ཐུབ་བསྟན་ཕྲིན་ལས་ཀྱིས་ནག་རྩིས་སྐོར་གྱི་ཐ་སྙད་དང་བླངས་བསྡུ་སྒྲིག་དང་། རྔ་བ་ཤེས་རབ་ཆོས་འཕེལ་གྱིས་རྩིས་དཀར་ནག་གི་ཐ་སྙད་རྩོམ་སྒྲིག་གནང་། སྨིན་དབུས་པོས་གླིང་གེ་སར་སྐོར་གྱི་ཐ་སྙད་སྟོང་ཕྲག་འགའ་རྩོམ་སྒྲིག་གནང་། འགུ་ལོག་དམ་ཆོས་དཔལ་བཟང་། ཨ་མཆོག་སྦྱིན་པ་ཡར་འཕེལ། ཀིརྟི་བྱེས་པ་གྲྭ་ཚང་གི་ཞིང་གཤེགས་ཀླུ་སྒྲུབ་བཅས་ཀྱིས་ཞུ་དག་གི་གྲོགས་དན་གནང་བ། ས་རཱ་དཔེ་མཛོད་འགན་འཛིན་ཚེ་དཔག་གིས་ཡིག་ཆ་གང་མང་མཁོ་སྤྲོད་གནང་བ། ནང་བསྟན་སྲི་ཞུ་ཁང་གི་འགན་འཛིན་ངག་དབང་ཕྲིན་ལས་ཀྱིས་དཔྱད་གཞིའི་རྒྱུ་ཆ་མཁོ་འདོན་དང་དགོངས་འཆར་གནང་བ། སྨན་དགེ་མཁྱེན་རབ་རྒྱ་མཚོ་ལགས་ཀྱིས་སྨན་གྱི་ཐ་སྙད་སྐོར་བསྡུ་སྒྲིག་གནང་། ལྷ་བྲིས་སྐལ་བཟང་ལགས་ཀྱིས་རི་མོ་མཁོ་འདོན་གནང་བ་བཅས་དང་། དེ་བཞིན་ལས་འཆར་འདིའི་སློབ་སྟོན་པ་རྣམས་ཀྱིས་གཙོས་འདི་གའི་ལས་ཁུངས་ལ་དངོས་ཤུགས་བརྒྱུད་གསུམ་ནས་རོགས་རམ་དང་རྒྱབ་སྐྱོར་གནང་མཁན་སྤྱི་དང་།
ལྷག་པར་ཏོག་དབྱིབས་ནད་དུག་ ༡༩ མཆེད་ནས་འཛམ་གླིང་ཁྱོན་ཡོངས་སུ་ལོ་ངོ་འདི་དག་གི་ནང་ཐེམ་སྤང་བཀའ་རྒྱའི་ཁྲོད་མི་རྣམས་ལུས་སེམས་གཉིས་ཀར་དཀའ་ངལ་སྣ་ཚོགས་ཕྲད་དང་འཕྲད་མུས་ཡིན་ནའང་།
འདི་གའི་ལས་བྱེད་རྣམས་ཀྱིས་དཀའ་ངལ་གདོང་ལེན་གྱིས་ལས་དོན་འཐུས་ཤོར་མེད་པར་སྔར་ལས་ལྷག་པའི་འབད་བརྩོན་བྱས་ནས་གྲུབ་འབྲས་གཡུར་དུ་ཟ་བ་ཐོན་པས་འབྲེལ་ཡོད་ཡོངས་ལ་སྙིང་ཁོང་རུས་པའི་གཏིང་ནས་ཐུགས་རྗེ་ཆེ་ཞུ་ཞུ། །
སྨོན་ལམ་བོད་ཀྱི་བརྡ་འཕྲིན་ཞིབ་འཇུག་ཁང་གི་འགན་འཛིན་སེར་སྨད་དགེ་བཤེས་བློ་བཟང་སྨོན་ལམ་གྱིས་ཕྱི་ལོ་ ༢༠༢༡ ལོ་ཟླ་ ༡༢ པའི་ཚེས་ ༣༡ ཉིན་གུས་འདུད་དང་བཅས།