ཚིག་མཛོད།

སྨོན་ལམ་ཚིག་མཛོད་ཆེན་མོ་ངོ་སྤྲོད་དང་འབྲེལ་བའི་སྔོན་གླེང་།

མཁྱེན་བརྩེ་ཉི་མ་འབུམ་གྱི་འོད་སྣང་སྤྲིན། །
གངས་ལྡན་རི་ལ་མཛེས་པའི་གཟི་བྱིན་རླབས། །
ཡངས་པའི་འཇིག་རྟེན་གསལ་བའི་དཔལ་འབར་བ། །
ཆོས་རྒྱལ་ལོ་པཎ་ཡོངས་ལ་དང་བས་འདུད། །

འདི་ནས་མཁས་གྲུབ་གོང་མ་དག་གི་མཛད་རྗེས་དང་བཀའ་དྲིན་གྱི་ཕུང་པོ་གཞལ་བར་དཀའ་བ་སེམས་ལ་བཟུང་ནས། ཁ་བ་གངས་ཅན་ལྗོངས་ཀྱི་ཤེས་རིག་གི་རྒྱ་མཚོ་ཆེན་པོར་ཆུ་ཐིགས་ཙམ་ཞིག་ཞབས་འདེགས་སུ་འབུལ་བའི་རེ་འདུན་སྙིང་ལ་བཅངས་ཏེ། སྣ་མང་ཤེས་བྱའི་བང་བ་ཚིག་མཛོད་ཀྱི་ལས་ཀར་འབད་པ་ཕྲན་ཙམ་བགྱིས་པའི་རིམ་པ་ཞུ་ན། དེང་མི་རིགས་སོ་སོས་རང་རང་གི་དཔལ་ཡོན་སྣ་བརྒྱས་འཛམ་གླིང་སྤྱིའི་དགོས་མཁོ་བསྐངས་ཤིང་། སྤོབས་པ་དང་གཟི་བརྗིད་མཐོ་རུ་འདེགས་པའི་དུས་རབས་གསར་བའི་ནང་། རང་རེ་བོད་མི་རིགས་ཀྱིས་ཀྱང་ཡབ་མེས་གོང་མའི་ཤུལ་བཞག་གི་བླ་ན་མེད་པའི་རིགས་པའི་གཞུང་ལུགས་དང་ལོ་རྒྱུས་ཀྱི་སྤོབས་པ་ཁུར་ཏེ། འདས་པའི་བྱ་བཞག་ལ་ཕྱིར་མིག་དང་མ་འོངས་པའི་དམིགས་འདུན་ལ་རྒྱང་ལྟ་བྱ་དགོས་པ་ནི་དུས་རབས་ཀྱིས་བོད་མི་དག་གི་སྤྱི་འགན་དུ་བཞག་པ་ཞིག་ཡིན་ལ། ང་ཚོས་ཀྱང་འདི་ནས་ལོ་ཤས་རིང་འབད་འབུངས་བྱས་ཏེ་བོད་ཀྱི་ཚིག་མཛོད་དང་ཚིག་མཛོད་རིག་པའི་སྐོར་གྱི་ལས་དོན་ལ་ཞུགས་པ་ཡིན། 
  ཚིག་མཛོད་ཚད་ལྡན་ཞིག་བསྒྲིག་པ་ལ་སྒྲིག་ཚུལ་གྱི་གཞུང་ལུགས་དང་ལག་ལེན་དགོས་པ་སྨོས་མེད་ཡིན་སྟབས། ང་ཚོས་དང་པོར་ཚིག་མཛོད་ཀྱི་རྩ་སྒྲོམ་ཇི་ལྟར་བསྒྲིག་པའི་སྐོར་ལ་རྒྱུས་ལོན་དང་ཞིབ་འཇུག་བྱས་ཚེ། ད་ཕན་བོད་ལ་ཚིག་མཛོད་ཇི་ལྟར་བསྒྲིག་ཚུལ་གྱི་གཞུང་ལུགས་ཚད་ལྡན་ཞིག་བྱུང་མེད་པས། ང་ཚོས་འདི་ནས་དེང་རབས་འཛམ་གླིང་ན་ཡོངས་གྲགས་ཚད་ལྡན་དུ་བརྩི་བའི་ཚིག་མཛོད་གྲགས་ཆེན་ཁག་གི་ཁྱད་ཆོས་དང་སྒྲིག་སྟངས་ལ་རྒྱུས་ལོན་བྱས་ཤིང་། བོད་རང་གི་སྐད་ཀྱི་ཐུན་མོང་མ་ཡིན་པའི་འགྲོས་ལ་དཔྱད་ནས་དུས་རབས་ཀྱི་རྗེས་ཟིན་པའི་སྤྱིར་བཏང་གི་ཚིག་མཛོད་ཅིག་བསྒྲིག་འཆར་བྱས་པ་ཡིན། དེ་ལ་ཐོག་མར་བོད་རང་གིས་ད་སྔོན་བསྒྲིགས་ཟིན་པའི་ཚིག་མཛོད་ཀྱི་བརྒྱུད་རིམ་ལོ་རྒྱུས་དང་ལེགས་ཆ་བསྡུ་ལེན། མ་འདང་སར་ཁ་སྐོང་བྱེད་དགོས་སྟབས། བོད་ཀྱི་ཚིག་མཛོད་རིམ་པ་ལ་དུས་རབས་རེ་རེ་བཞིན་འགྱུར་ལྡོག་ཅི་ཙམ་ཕྱིན་ཡོད་མེད། ད་ལྟའི་ཆར་ང་ཚོའི་ཚིག་མཛོད་དག་སྔོན་ཐོན་ཚིག་མཛོད་ཁག་དང་མཉམ་འགྲོ་བྱེད་ཐུབ་ཀྱིན་ཡོད་མེད། མ་འོངས་པར་ཡར་རྒྱས་ག་འདྲ་གཏོང་དགོས་མིན། ང་ཚོས་འདི་ནས་གསར་དུ་བསྒྲིགས་པའི་ཚིག་མཛོད་ལ་སྔར་མེད་ཀྱི་ཁྱད་ཆོས་གང་ཞིག་བསྣན་ཡོད་མེད་བཅས་མདོར་བསྡུས་པའི་ཚུལ་གྱིས་གླེང་རྒྱུ། 
 ཡོངས་གྲགས་ཀྱི་བཤད་སྲོལ་ལྟར་ན། དཀྱིལ་ཤར་གྱི་ས་ཁུལ་ནི་འཛམ་གླིང་ཐོག་གི་ཚིག་མཛོད་ཀྱི་འབྱུང་ཁུངས་ཐོག་མ་ཆགས་ཡོད། དཀྱིལ་ཤར་ས་ཁུལ་དུ་ཚིག་མཛོད་རྩོམ་སྒྲིག་སྐོར་ལ་ལོ་ངོ་ ༤༠༠༠ ལྷག་གི་ལོ་རྒྱུས་ཡོད་པར་བཤད་ལ། ཕྱི་ལོའི་སྔོན་གྱི་ལོ་ ༥༠༠༠ ནས་ ༢༠༠༠ ཙམ་བར་ཚིག་མཛོད་དར་ཡོད་པར་ཚོད་དཔག་བྱས་ཀྱང་ཆོག་ཙམ་ཡོད་པར་བཤད།
 Mesopotamia ཡི་ལྷོ་ཁུལ་གྱི་ (དེང་སྐབས་ Iraq ས་ཁུལ་ཡིན) ས་ཁུལ་ Sumer ཡིན། ཕྱི་ལོའི་སྔོན་གྱི་ལོ་ ༣༠༠༠ ཙམ་ནས་དཔལ་འབྱོར་དང་། དམག་དོན། རིག་གཞུང་སོགས་ཡར་རྒྱས་སོང་ནས་གཟེར་གཟུགས་ཡི་གེ་ (Cuneiform/楔形文字) གསར་གཏོད་བྱས། ཡི་གེ་དེའི་ནང་ཕྱི་ལོའི་སྔོན་གྱི་ལོ་ ༢༥༠༠ ལྷག་གི་རྒྱལ་ཁབ་ཀྱི་ཆབ་སྲིད་ལམ་ལུགས་དང་། ཆོས་ལུགས། རིག་གཞུང་སོགས་ཉར་ཚགས་བྱས་ཡོད། 
 འཛམ་གླིང་ཐོག་གི་དཔེ་མཛོད་ཐོག་མ་ཡང་ས་དེར་བྱུང་ཡོད། ཁུལ་དེ་ནས་མི་རིགས་མི་མཐུན་པའི་དབང་གིས་ Sumer ཡི་དགྲ་ཡ་གཙོ་བོ་ནི་བྱང་ཁུལ་གྱི་ Akkad ཞེས་པའི་ཡུལ་གྱི་མི་རིགས་དེ་ཡིན། ཕྱི་ལོའི་སྔོན་གྱི་ལོ་ ༢༣༤༠ ཡས་མས་ལ་ Akkad ཡིས་ Sumer དབང་སྒྱུར་བྱས། དབང་སྒྱུར་བྱེད་མཁན་དང་བྱ་ཡུལ་གཉིས་ལ་སྐད་ཡིག་གི་འབྲེལ་ལམ་མེད་ཐབས་མེད་པས། Akkad མི་རིགས་ཀྱིས་ Sumer གྱི་སྐད་ཡིག་དང་ལྷན་སྐད་གཉིས་ཚིག་མཛོད་རྩོམ་སྒྲིག་བྱས། ཚིག་མཛོད་དེ་ཕལ་ཆེར་འཛམ་གླིང་ཐོག་གི་ཚིག་མཛོད་སྔ་ཤོས་ཆགས་ཡོད་པ་རེད། རྒྱུ་མཚན་དེའི་དབང་གིས་འཛམ་གླིང་ཐོག་གི་ཚིག་མཛོད་སྔ་ཤོས་ནི་སྐད་གཉིས་ཤན་སྦྱར་ཡིན་པར་སྣང་། 
 རྒྱ་གར་དུ་ཕྱི་ལོའི་སྔོན་གྱི་ལོ་ཆིག་སྟོང་ཙམ་ནས་ཚིག་མཛོད་ཀྱི་རིགས་དར་ཡོད་པར་བཤད་ལ། དུས་རབས་བཞི་པའི་ནང་བསྒྲིགས་པའི་ལེགས་སྦྱར་གྱི་ཚིག་མཛོད་ཨམྲཀོཥའམ་འཆི་མེད་མཛོད་ནི་ཡོངས་གྲགས་ཀྱི་ཚིག་མཛོད་དམ་མིང་མཛོད་ཅིག་ཡིན་ལ། འདི་ཉིད་བོད་དུ་དུས་རབས་བཅུ་བཞིའི་ནང་ཡར་ལུང་གྲགས་པ་རྒྱལ་མཚན་གྱིས་བསྒྱུར་ཅིང་། ཕྱིས་སུ་སི་ཏུ་པཎ་ཆེན་གྱིས་འགྱུར་བཅོས་དང་འཕྲི་སྣོན་ལེགས་པར་གནང་། ཕྱི་ལོའི་གོང་གི་བརྒྱ་ཕྲག་གསུམ་པར་རྒྱ་ནག་སྐད་ནང་བྲིས་པའི་ 尔雅 (Erya) ཚིག་མཛོད་ཡིན་མིན་གྱི་རྩོད་གཞི་ཆགས་ཡོད་ལ། ཧན་ཤར་མའི་སྐབས་ (༢༥-༢༢༠) བརྩམས་པར་གྲགས་པའི་ 說文 མ་རྩོམ་བོར་བརླགས་སུ་ཕྱིན་ནས་མེད་ལ། ཕྱིས་སུ་འབྲེལ་ཡོད་ཡིག་ཆ་ནས་བཏུས་པ་རྒྱ་ནག་གི་ཚིག་མཛོད་ཐོག་མ་ལ་འཇོག་མཁན་ཡོད། ཕྱི་ལོའི་དུས་རབས་བདུན་པའི་ནང་བྲིས་པའི་ཉི་ཧོང་གི་ Niina ཡང་ལག་སོན་བྱུང་མེད་པར་བཤད།
  ཡུ་རོབ་ཏུ་དབྱིན་ཇི་དང་། ལ་ཊེན། ཧྥ་རན་སི་སོགས་སྐད་ཡིག་སྣ་མང་ཅན་གྱི་ཚིག་མཛོད་ཕྱི་ལོ་ ༡༢༢༠ ནང་ཙམ་ལས་བྱུང་མེད་ལ། ཧྥ་རན་སིའི་ཚིག་མཛོད་ཐོག་མ། Dictionaries Francais Latain R Estienne (༡༣༥༩) དབྱིན་ཇིའི་ཚིག་མཛོད། A Table Alphabetical Robert Cawdrey (༡༦༠༤) ཨ་མེ་རི་ཀའི་ཚིག་མཛོད། School Dictionary (༡༧༩༨)གྲགས་ཅན་ཚིག་མཛོད། English Dictionary on Historical principles Oxford English Dictionary (༡༩༢༨)Longman Dictionary of Contemporary English (༡༩༧༨) Cambridge Advanced Learner’s Dictionary (༡༩༩༥)འདི་དག་ནི་འཛམ་གླིང་སྤྱིའི་ཚིག་མཛོད་སྔ་ཤོས་དང་གྲགས་ཆེ་ཤོས་རྣམས་ཡིན། 

བོད་ཀྱི་ཚིག་མཛོད་ཀྱི་འཕེལ་རིམ།
གནའ་རབས་བོད་ཀྱི་ཚིག་མཛོད་ཀྱི་འཕེལ་རིམ།
གོང་གསལ་དེ་དག་ནི་འཛམ་གླིང་སྤྱིའི་ཚིག་མཛོད་ཀྱི་བྱུང་རིམ་མདོ་ཙམ་ཡིན་ལ། བོད་ཡུལ་དུ་ཚིག་མཛོད་ག་དུས་ཤིག་ནས་བྱུང་ངམ་སྙམ་ན། བོད་ཀྱི་བཙན་པོ་སྲོང་བཙན་སྒམ་པོ(༥༥༧-༦༥༠)འི་སྐབས་ནས་ཚིག་མཛོད་དང་མིང་མཛོད། ཚིག་གཏེར་སོགས་བོད་དུ་དར་ཡོད་པའི་སྒྲོས་མ་ཎི་བཀའ་འབུམ་ན་གསལ་ཏེ། ཆོས་དང་ཡི་གེ་བསླབས་ནས་སྡེབ་སྦྱོར་དང་སྙན་དངགས་དང་། མིང་གི་མཛོད་ལ་སོགས་པ་ཕྱི་དང་ནང་གི་རིག་པའི་གནས་ཐམས་ཅད་ལ་སྦྱངས་པས་མཐར་ཕྱིན་པ་དང་། བོད་ཡུལ་དུ་བྱོན་ནས་ལཱཉྫའི་ཡི་གེ་ལ་དཔེ་བྱས་ནས་དབུ་ཅན་དང་། པ་ཊུ་ལའི་ཡི་གེ་ལ་དཔེ་བླངས་ཏེ་དབུ་མེད་དུ་བྱས། ཞེས་དང་། ཚིག་གི་མཛོད་དང་ཚིག་གི་གཏེར་ལ་སོགས་ཞེས་གསུངས་ཡོད་ཀྱང་། དེང་སང་གཞུང་གང་ཡིན་ངོས་འཛིན་མི་ཐུབ་པས་ཞིབ་འཇུག་གི་ཡུལ་ཙམ་ལས་མེད་པས་ཁ་གསལ་གཏིང་གསལ་བཤད་མི་ཐུབ། 
  བཙན་པོ་ཁྲི་སྲོང་ལྡེའུ་བཙན་(༧༤༢-༧༩༧)གྱི་སྐུ་དུས་སུ་ལོ་ཆེན་བཻ་རོ་ཙ་ནས་སྨན་གྱི་ཚིག་མཛོད་མིང་དོན་བརྡ་སྤྲོད་ལྔ་པ་བརྩམས་པར་གྲགས་པ། ད་ཡོད་བོད་ཀྱི་ཚིག་མཛོད་ཀྱི་ནང་ནས་སྔ་ཤོས་ཡིན་ལ། གཞུང་འདིར་ཐ་སྙད་གྲངས་ཚད་ཉུང་ཙམ་ལས་མེད་ཀྱང་། སྤུས་ཚད་ཧ་ཅང་ལེགས་ལ་འགྲེལ་བཤད་གནང་སྟངས་ཀྱང་ཕྱོགས་མང་པོ་ནས་བྱས་ཡོད་པའི་ངོ་མཚར་ལ་ཡིད་འཕྲོག་པ་ཞིག་སྟེ། དེ་ཡང་གཞུང་འདིས་འགྲེལ་བཤད་གནང་སྟངས་མཚོན་ཙམ་ཞུ་ན། 
དང་པོ་སྡེ་ཚན་མིང་དོན་ངོ་སྤྲོད་དུ། གཉིས་ཚན་སུམ་ཚན་སོགས་གྲངས་ཀྱི་སྒོ་ནས་འགྲེལ་བ། དཔེར་ན། ཨ་རུ་ར་དང་བ་རུ་ར། །སྐྱུ་རུ་ར་གསུམ་འབྲས་བུ་གསུམ། །ལྟ་བུ། 
  གཉིས་པ་རྒྱ་སྐད་མིང་དོན་བརྡ་སྤྲོད་དུ། བསྒྱུར་འགྲེལ་དུ་བཀོད་པ། དཔེར་ན། མཱུ་ལ། རྩ་བ། པར་ནི། ལོ་མ། པིཥྤ། མེ་ཏོག གེ་སར། འབྲུ་ཞེས་བསྒྱུར་འགྲེལ་དུ་བཀོད་ཡོད། 
  གསུམ་པ་གབ་ཡིག་མིང་དོན་ངོ་སྤྲོད་དུ། མིང་འགྲེལ་གྱི་ཚུལ་དུ་བཀོད་པ། སྨན་གྱི་གསང་མིང་རྣམས་ཡོངས་གྲགས་ཀྱི་མིང་གིས་འགྲེལ་བ་སྟེ། དཔེར་ན། སྲོག་གི་མེ་ཏོག དོམ་མཁྲིས། དྲི་ཆེན་ལྟེ་བ། གླ་རྩི། རྩི་བོ་ཆེ། ཤིང་ཀུན་ཞེས་གསང་བའི་མིང་ཡོངས་གྲགས་ཀྱི་མིང་གིས་བཀྲལ་ཡོད། 
  བཞི་པ་ངོ་བོ་མིང་དོན་བརྡ་སྤྲོད་དུ། སྐྱེ་ཡུལ་དང་འདྲ་བའི་དཔེ་སྦྱར་ནས་ཞིབ་བཀྲོལ་གནང་སྟེ། ལོ་མ། མེ་ཏོག འབྲས་བུ། རྩ་བ། དབྱིབས། ཁ་དོག མིང་གི་རྣམ་གྲངས་བཅས་གསལ་བཤད་གནང་ནས་དོན་འགྲེལ་དུ་བཀོད་ཡོད་པ། དཔེར་ན། དར་ཡན་སྨུག་པོ་ཞེས་བྱ་བ། །སྐྱེ་གནས་ཐང་དང་རྡོ་གསེབ་སྐྱེས། །ལོ་མ་ལེབ་ཆུང་སྲད་ཆུང་འདྲ། །མེ་ཏོག་སྔོན་པོ་ར་གཟར་འདྲ། །གང་བུ་གྲོག་མའི་གཟུགས་པོ་འདྲ། །རྩ་བ་རྒྱུས་ཕྲན་བཤད་པ་འདྲ། །ཐོ་དཀར་སྨུག་པོ་ཞེས་ཀྱང་བྱ། །སྔོན་མོ་ཆབ་འདྲེན་ཞེས་སུ་བཤད། །ཅེས་དང་། 
  ལྔ་པ་བཟང་ངན་མིང་དོན་བརྡ་སྤྲོད་སྐབས། བརྟག་ཐབས་དང་སྦྱར་ནས་སྨན་གྱི་སྒོས་འགྲེལ་དུ་བཤད་པ་སྟེ། དཔེར་ན། ཙནྡན་བཟང་ངན་ཆུ་ལ་དྲིས། །ཆུར་བྱིང་དྲི་མེད་སྟོན་ན་བཟང་། །ཨ་རུ་ར་ནི་མེ་ལ་དྲིས། །དྲི་ཆེ་ཆིར་ཆིར་བྱུང་ན་བཟང་། །ཞེས་དོན་ཚན་ཆེན་པོ་ལྔའམ་འགྲེལ་ལུགས་མ་འདྲ་བ་ལྔའི་སྒོ་ནས་ལེགས་པར་གཏན་ལ་ཕབ་པའི་ཆེད་ལས་ཚིག་མཛོད་འདི་འཛམ་གླིང་ལོ་རྒྱུས་སྟེང་གི་སྐད་གཉིས་ཤན་སྦྱར་གྱི་ཚིག་མཛོད་ཨང་གཉིས་པ་ཡིན་པ་ཙམ་དུ་མ་ཟད། ད་ལྟ་ཡང་བེད་སྤྱོད་ཡོད་ལ་ལག་ལེན་དུ་འདེབས་བཞིན་པའི་ཚིག་མཛོད་གསོན་པོ་ཞིག་སྟེ། ད་སྐབས་བོད་ཀྱི་སྨན་པ་དག་གི་གཡུ་ཐོག་ཆ་ལག་བཅོ་བརྒྱད་ཀྱི་ནང་ཚན་དུ་བཀོལ་ནས་སློབ་གཉེར་དང་ལག་ལེན་གནང་དང་གནང་མུས་ཡིན་པས། བོད་ཀྱི་གནའ་རབས་མཁས་པའི་ཤུལ་བཞག་གི་ནོར་བུ་ཟླ་མེད་པ་ཞིག་ཡིན་པ་མཚོན་ཡོད། 
  དེ་བཞིན་བཙན་པོ་ཁྲི་ལྡེ་སྲོང་བཙན་(༧༧༣-༨༡༥)གྱི་སྐུ་དུས་རྟ་ཡི་ལོ་ཕྱི་ལོ་ ༨༡༣ གྱི་ལོར་པཎྜི་ཏ་ཛི་ན་མི་ཏྲ་དང༌།། དཱ་ན་ཤཱི་ལ། ལོ་ཙཱ་བ་ཞང་ཡེ་ཤེས་སྡེ་སོགས་དྲིན་ཅན་ལོ་པཎ་རྣམ་གསུམ་དང་། བོད་ཀྱི་མཁན་པོ་རཏྣ་རཀྵི་ཏ་དང༌། དྷརྨྨ་ཏཱ་ཤཱི་ལ་དང༌། ཛ་ཡ་རཀྵི་ཏ་དང༌། མཉྫུ་ཤྲཱི་ཝརྨྨ་དང༌། རཏྣེནྡྲ་ཤཱི་ལ་སོགས་ལོ་པཎ་མང་པོ་གདན་འཛོམས་ནས་སྔོན་གྱི་འགྱུར་རྣམས་དག་བཅོས་དང༌། གཞུང་ཚད་བམ་པོར་གྲངས་ངེས་པ་བྱས་པ་དང་འབྲེལ། མདོ་རྒྱུད་ཀྱི་གཞུང་རྣམས་ཇི་ལྟར་བསྒྱུར་དགོས་པའི་ཚུལ་སྒྲ་གཞུང་དང་བོད་སྐད་གཉིས་ཆར་མཐུན་ཞིང༌། གོ་བདེ་བའི་ཆེད་དུ་བཙན་པོའི་སྤྱན་སྔར་བནྡེ་ཆེན་པོ་དཔལ་གྱི་ཡོན་ཏན་དང༌། བནྡེ་ཆེན་པོ་ཏིང་ངེ་འཛིན་ལ་སོགས་པ་ཡང་འཚོགས་ཏེ། རྗེ་བློན་གདན་འཛོམས་ཤིང་། གཏན་ལ་ཕབ་པ་སྒྲ་སྦྱོར་བམ་གཉིས་སུ། དུམ་བུ་དང་པོའི་ནང་ཡིག་བསྒྱུར་གྱི་རྩ་དོན་ཆེན་པོ་གསུམ། བསྒྱུར་བའི་ཐབས་བཞི། དོ་སྣང་བྱ་དགོས་པའི་དོན་ཚན་བཞི་གཏན་འབེབས་དང་། དུམ་བུ་གཉིས་པའི་ནང་གལ་གནད་ཆེ་བའི་ཡིག་བསྒྱུར་གྱི་དཔེ་མཚོན་འགའ་བཀོད་པ་དང་། ལེགས་སྦྱར་དང་བོད་སྐད་ཤན་སྦྱར་གྱི་མིང་ཚིག་མང་པོ་ཞིག་གི་འགྲེལ་བཤད་འཁོད་པའི་ཚིག་མཛོད་ཅིག་ཡིན། 
དེ་ཡང་དང་པོ་མ་ཚིག་སཾ་བོད་ཤན་སྦྱར་བྱས་ཤིང་། དེ་ལ་འགྲེལ་བཤད་བཀོད་ཡོད་པས་དུས་རབས་དེ་ལ་དཔག་ན་ཧ་ཅང་ཚད་མཐོ་བའི་རྒྱལ་ཁབ་རིམ་པས་གཏན་ལ་ཕབ་པའི་ཚིག་མཛོད་རིམ་པ་དང་པོ་དང་། ད་ཆ་ལོ་རྒྱུས་ཡིག་ལམ་ནས་རྙེད་པའི་ཡོངས་གྲགས་བོད་ཀྱི་ཡིག་བསྒྱུར་གྱི་རིག་པའི་གཞུང་ལུགས་ཐོག་མ་འདི་བསྒྲིགས་ནས་ད་བར་མི་ལོ་ ༡༢༠༨ ལྷག་ཕྱིན་ཡོད་ལ། 
  ཚིག་མཛོད་འདིས་སྐད་གཉིས་ཤན་སྦྱར་ནས་འགྲེལ་བཤད་གནང་སྟངས་ངོ་མཚར་ལ་ཁྱད་དུ་འཕགས་པ་ཞིག་ཡིན་པས། སྐབས་དེ་དུས་ཀྱི་བོད་མི་རིགས་ཀྱིས་ཚིག་མཛོད་སྒྲིག་སྟངས་དང་འགྲེལ་བཤད་ཤེས་ཆེད་འདིར་དཔེ་མཚོན་ཙམ་བཀོད་ན། 
ཆོས་སྐུ། ལོངས་སྐུ། སྤྲུལ་སྐུ་གསུམ་གྱི་འགྲེལ་བཤད་ལ། དང་པོ་མ་ཚིག་ལ་དྷརྨྨ་ཀཱ་ཡ་ཞེས་ལེགས་སྦྱར་དང་དེ་ནས་ཆོས་ཀྱི་སྐུ་ཞེས་བོད་སྐད་དུ་བསྒྱུར་ནས་འགྲེལ་བཤད་གནང་བ། སངས་རྒྱས་ཀྱི་ས་དང་སྦྱར་ན་ཆོས་ཀྱི་དབྱིངས་རྣམ་པར་དག་པ་དང༌། མེ་ལོང་ལྟ་བུའི་ཡེ་ཤེས་ནི་དེ་བཞིན་ཉིད་ཀྱི་རང་བཞིན་ཏེ་ཆོས་ཀྱི་སྐུ་ཞེས་བྱ། 
སམྦྷོ་ག་ཀཱ་ཡ་ཞེས་བྱ་བ་ལོངས་སྤྱོད་རྫོགས་པའི་སྐུ་ཡིན་ཏེ། མཉམ་པ་ཉིད་ཀྱི་ཡེ་ཤེས་དང་སོ་སོར་རྟོག་པའི་ཡེ་ཤེས་གཉིས་ཀྱིས་ཆོས་ཀྱི་ལོངས་སྤྱོད་དང་སྐྱིད་པ་ཆེན་པོ་མ་ལུས་པ་མྱོང་བར་མཛད་པ་རྣམ་པར་སྣང་མཛད་ཀྱི་སྐུ་ལ་བྱ་སྟེ། ལོངས་སྤྱོད་རྫོགས་པའི་སྐུ་ཞེས་བྱ། 
  ནིརྨྨཱ་ཎ་ཀཱ་ཡ་ཞེས་བྱ་བ་སྤྲུལ་པའི་སྐུ་ཡིན་ཏེ། བྱ་བ་སྒྲུབ་པའི་ཡེ་ཤེས་ཀྱིས་སེམས་ཅན་སོ་སོ་ཅིས་འདུལ་བ་བཞིན་དུ་ཐབས་ཐབས་སུ་སྐུ་དང་གསུང་དང་ཐུགས་སྤྲུལ་ཏེ། སྣ་ཚོགས་སུ་སྟོན་པ་ལ་བྱ་བས་ན། སྤྲུལ་པའི་སྐུ་ཞེས་བྱ། ཞེས་མ་ཚིག་སཾ་བོད་ཤན་སྦྱར་ལ་བོད་ཡིག་གིས་འགྲེལ་བཤད་གནང་བ་དང་། 
  དེ་བཞིན་དུས་ཐོག་དེ་རང་ལ་བྱེ་བྲག་རྟོགས་བྱེད་ཆེན་མོར་ཐ་སྙད་དགུ་སྟོང་བཞི་བརྒྱ་ཉི་ཤུ་ཙམ་བསྒྱུར་འགྲེལ་བྱས་ཡོད་པ། དཔེར་ན། ཤཱསྟཱ། སྟོན་པ། ཛི་ནཿ རྒྱལ་བ། ལོ་ཀ་ཛྱེཥྛཿ། འཇིག་རྟེན་གྱི་གཙོ་བོ་ལྟ་བུ། 
ལོ་ཙཱ་བ་སྐ་བ་དཔལ་བརྩེགས་ཀྱིས་བརྩམས་པའི་ཆོས་ཀྱི་རྣམ་གྲངས་ཀྱི་བརྗེད་བྱང་དུ་མདོ་སྡེ་དང་བསྟན་བཅོས་དང༌། ཤེས་རབ་འབུམ་པ་དང༌། ཡོ་ག་ཙཱརྱ་ལ་སོགས་པ་གཞུང་ཐ་དད་པ་མང་པོའི་ནང་ནས་དོན་འདུས་པའི་ཚིག་འཇེབས་འཇེབས་མདོ་ཙམ་བཏུས་ཏེ། མ་ཚིག་དང་འགྲེལ་ཚིག་གཉིས་ཀ་བོད་སྐད་ཡིན་པ་དོན་འགྲེལ་དང་གྲངས་འགྲེལ་སོགས་བྱས་ཡོད་པ། དཔེར་ན། མ་ཚིག འཁོན་དུ་འཛིན་པ་ལྟ་བུ་ལ། འཁོན་དུ་འཛིན་པ་ནི་མདུད་པར་འཛིན་པའོ་ཞེས་བྱ་བ་ནི་བདག་དང་བདག་གི་གཉེན་ལ་སོགས་པ་རང་གི་འཁོར་རྣམས་ལ་གནོད་པ་བྱེད་པའི་དགྲ་ལ་སོགས་པ་ལ་ནམ་ཞིག་ན་གནོད་པ་མ་བྱས་པར་མི་བཏང་ངོ་སྙམ་དུ་སེམས་པ་ཞེས་དོན་འགྲེལ་དང་། 
  གཟུགས་རྣམ་པ་གསུམ་སྟེ། བསྟན་དུ་ཡོད་ལ་ཐོགས་པ་དང་བཅས་པ་དང༌། བསྟན་དུ་མེད་ལ་ཐོགས་པ་དང་བཅས་པ་དང༌། བསྟན་དུ་ཡང་མེད་ལ་ཐོགས་པ་ཡང་མེད་པ་དང་གསུམ་མོ། །ཞེས་གྲངས་འགྲེལ་དུ་བཀོད་པ་སོགས་ཧ་ཅང་སྤུས་ལེགས་པའི་ཚིག་མཛོད་འདི་དག་ནི་མི་ལོ་ཆིག་སྟོང་ཉིས་བརྒྱའི་སྔོན་གྱི་བོད་ཀྱི་ཚིག་མཛོད་རིགས་མ་འདྲ་བ་བཞི་ཡིན།
  འདི་དག་ནི་ད་ལྟའི་བར་རང་རེའི་མིག་གི་རྒྱན་དུ་ལྷང་ངེར་བཞུགས་ཡོད་པ་ཙམ་དུ་མ་ཟད། ཕྱི་ནང་གི་མཁས་པ་རྣམས་ཀྱིས་ད་ལྟའི་ཆར་ཡང་ཡིག་སྒྱུར་གྱི་ཆེད་བེད་སྤྱོད་གནང་དང་གནང་བཞིན་ཡོད་ལ། འདི་དག་གི་བཀའ་དྲིན་དང་ནུས་པ་ལ་བརྟེན་ནས་བོད་དུ་བཀའ་བསྟན་པོད་བརྒྱ་ཕྲག་མང་པོ་བསྒྱུར་ཞུས་གཏན་ལ་ཕབ་པའི་ཐ་སྙད་ཁག་གཅིག་གྱུར་དང་གཏིང་ཟབ་བྱུང་བ་ཡིན། དེ་བཞིན་ཏུན་ཧོང་ནས་རྒྱ་བོད་ཤན་སྦྱར་གྱི་ཚིག་མཛོད་ཐོན་པ་ཡང་འཛམ་གླིང་ནང་གི་ཆེས་སྔ་བའི་གྲས་ཡིན། 
  བསྟན་པ་ཕྱི་དར་སྐབས་ཀྱང་མིང་སྣ་ཚོགས་བཏགས་མིན་ལ་མ་ལྟོས་པར་ཚིག་མཛོད་ཆེ་ཆུང་མང་པོ་བྱུང་ཡོད་ལ། དབུས་པ་བློ་གསལ་གྱིས་བཀའ་བསྟན་ཞུ་སྒྲིག་སྐབས་མཛད་པའི་བརྡ་རྙིང་ཚིག་མཛོད་ཕྱི་ལོའི་དུས་རབས་བཅུ་གསུམ་པའི་ནང་མཛད་ཡོད། 
  པཎ་ཆེན་བྱམས་གླིང་པ་བསོད་ནམས་རྣམ་རྒྱལ་(༡༤༠༠-༡༤༧༥)གྱིས་མཛད་པའི་སྨྲ་རྒྱན་ནི། ཀ་ཕྲེང་གཞིར་བཞག་ཐོག་སྔོན་འཇུག་གི་རིམ་པ་ལྟར་བསྒྲིགས་པའི་ཚིག་མཛོད་ཐོག་མ་དང་། མངོན་བརྗོད་མཁས་པའི་རྣ་རྒྱན་རིན་སྤུངས་ངག་དབང་འཇིག་གྲགས་ཀྱིས་ཕྱི་ལོ་ ༡༥༢༡ ལོར་མཛད། དེ་བཞིན་དཔལ་ཁང་ལོ་ཙཱ་བས་ཕྱི་ལོ་ ༡༥༣༨ ལོར་བོད་ཀྱི་བརྡའི་བྱེ་བྲག་གསལ་བར་བྱེད་པའི་བསྟན་བཅོས་ཚིག་ལེའུར་བྱས་པ་མཁས་པའི་ངག་གི་སྒྲོན་མ་ཡང་ཀ་ཕྲེང་ལྟར་བསྒྲིགས་ཡོད། དེ་བཞིན་མདོ་མཁར་ཞབས་དྲུང་ཚེ་རིང་དབང་རྒྱལ་(༡༦༩༧-༡༧༦༣)གྱི་སྐད་གཉིས་ཤན་སྦྱར་ནི་བོད་ཡིག་ཀ་ཕྲེང་ལྟར་བསྒྲིགས་པའི་སྐད་གཉིས་ཚིག་མཛོད་ཐོག་མ་ཡིན་པ་འདྲ། 
  ཕྱི་གླིང་པ་ཨོ་ར་ཛིའོ་ཌེལ་ལ་ཕེན་ན་(Orazio della Penna)ཞེས་པ་ཕྱི་ལོ་ ༡༧༡༦/༡༠/༡ ཉིན་བོད་དུ་སླེབས། སེ་རར་ཟླ་བ་དགུའི་རིང་སློབ་གཉེར་དང་བཅའ་སྡོད་བྱས། བོད་ཀྱི་ཐུན་མོང་གི་རིག་གནས་སོགས་སེ་རའི་མཁས་པ་ཞིག་གི་དྲུང་ནས་ལོ་བཞིའི་རིང་སྦྱངས། མ་ཚིག་སུམ་སྟོང་སུམ་བརྒྱ་ཡོད་པའི་བོད་དང་ཨི་ཊ་ལིའི་སྐད་གཉིས་ཤན་སྦྱར་གྱི་ཚིག་མཛོད་དེ་སེ་རར་བརྩམས། དེ་ནི་བོད་དང་ཨི་ཊ་ལིའམ་ཡུ་རོབ་ཀྱི་ཚིག་མཛོད་ཐོག་མ་དེ་ཡིན། 
ཁྱད་པར་ལྕང་སྐྱ་རོལ་པའི་རྡོ་རྗེ(༡༧༡༧-༡༧༨༦) ས་གཙོ་འགན་བཞེས་ནས་བོད་སྐད་དང་། མན་ཇུ། སོག་པོ། ཡུ་གུར། རྒྱ་ཡིག་བཅས་སྐད་ལྔ་ཤན་སྦྱར་གྱི་ཚིག་མཛོད་བསྒྲིགས་པ་སྐད་མང་ཚིག་མཛོད་ཐོག་མའི་གྲས་ཡིན་ངེས།
  ཕྱི་ལོ་ ༡༨༣༤ ལོར་ཟངས་དཀར་གྱི་སློབ་དཔོན་རྗེ་སངས་རྒྱས་ཕུན་ཚོགས་དང་། ཕྱི་གླིང་གི་སློབ་གཉེར་པ་ཀོ་རོ་ཤི་ཅོ་མ་ཤཱན་དོར་(Alexander Csoma de Kőrös)གཉིས་ཀྱིས་བོད་ཀྱི་མིང་གི་མཛོད་ཅེས། བོད་དབྱིན་ཤན་སྦྱར་གྱི་ཚིག་མཛོད་བསྒྲིགས་པ་བོད་དབྱིན་ཚིག་མཛོད་ཀྱི་ཐོག་མ་ཡིན་པར་སྣང་། 
  གུང་མགོན་པོ་སྐྱབས་ཀྱི་སོག་བོད་ཤན་སྦྱར་གྱི་དག་ཡིག་ཆེན་མོ་དང་། ཕྱི་ལོ་ ༡༨༣༧ ལོར་ཨ་ལ་ཤ་བསྟན་དར་གྱིས་བོད་སོག་ཤན་སྦྱར་བོད་ཡིག་ཀ་ཕྲེང་ལྟར་བསྒྲིགས་པ་བརྡ་ཡིག་མིང་དོན་གསལ་བར་བྱེད་པའི་ཟླ་བའི་འོད་སྣང་བསྒྲིགས། 
ཕྱི་ལོ་ ༡༨༤༣ yo shmidi ཞེས་པས་ཨུ་རུ་སི་དང་བོད་སྐད་ཤན་སྦྱར་གྱི་ཚིག་མཛོད་ཐོག་མ་བསྒྲིགས། ཕྱི་ལོ་ ༡༨༩༩ ལོར་བོད་སྐད་དང་ལ་ཏེན། ཧྥ་རན་སི་བཅས་སྐད་གསུམ་ཤན་སྦྱར་གྱི་ཚིག་མཛོད་ཧོང་ཀོང་ནས་དཔར་བསྐྲུན་བྱས་ཡོད་པ་བཅས། དུས་རབས་ཉི་ཤུ་པའི་ཡར་སྔོན་ལ་བོད་ཀྱི་སྐད་ཡིག་འདི་ཉིད་སྐད་ཡིག་མ་འདྲ་བ་བཅུ་དང་ཤན་སྦྱར་གྱི་ཚིག་མཛོད་བཟོས་ཡོད་པ་གསལ་པོར་མཐོང་ཐུབ་པ་འདི་ཙམ་གྱིས་ཀྱང་བོད་སྐད་ཡིག་གི་རིན་ཐང་དང་མེས་པོ་ཚོའི་རླབས་ཆེ་བའི་མཛད་པ་ལ་ཡིད་སྨོན་སྐྱེ་འོས་པ་ཞིག་དང་། གཞན་གྱི་རིག་གཞུང་ནང་འདྲེན་དང་། རང་གི་རིག་གཞུང་དར་སྤེལ་བྱས་ཡོད་པ་གསལ་པོར་མཚོན་ནུས། 

ཉེ་རབས་ཚིག་མཛོད་ཀྱི་འཕེལ་རིམ། 
ཕྱི་ལོ་ ༡༩༠༥ ལོར་ཀ་ཛི་ཟླ་བ་བསམ་འགྲུབ་ཀྱིས་དབྱིན་བོད་ཤན་སྦྱར་གྱི་ཚིག་མཛོད་དང་། ཕྱི་ལོ་ ༡༩༠༧ ལོར་འཇུ་མི་ཕམ་གྱིས་ལེགས་སྦྱར་དང་བོད་ཀྱི་སྐད་གཉིས་ཤན་སྦྱར། ཕྱི་ལོ་ ༡༩༡༨ ལོར་བོད་རྒྱ་བརྡ་མཛོད། བོད་རྒྱ་ཤན་སྦྱར་ཚིག་མཛོད། ཕྱི་ལོ་ ༡༩༣༨ ལོར་བོད་རྒྱ་ཀུན་བཏུས་ཚིག་མཛོད་སོགས་ཧོང་ཀོང་ནས་དཔར་བསྐྲུན་བྱས། དག་ཡིག་ཐོན་མིའི་དགོངས་རྒྱན་ནི། ཕྱི་ལོ་ ༡༩༤༥ ལོར་ཨ་ལགས་ཚེ་ཏན་ཞབས་དྲུང་གིས། མངོན་བརྗོད་འཆི་མེད་མཛོད་རྩ་འགྲེལ། བྱེ་བྲག་རྟོགས་བྱེད། ཚོགས་གསུམ་གསལ་བ། ཟ་མ་ཏོག ལི་ཤིའི་གུར་ཁང་། སྨྲ་བའི་རྒྱན། ངག་གི་སྒྲོན་མེ་སོགས་རྒྱ་བོད་ཀྱི་དག་ཡིག་ཕལ་མོ་ཆེ་དང་། ཕྱིས་ཀྱི་དག་ཡིག་སན་སུན་མང་བོར་ཡང་ཞིབ་འཇུག་གིས་བརྩམས་པ་ཞེས་མཇུག་བྱང་ནང་གསལ། 
  དགེ་བཤེས་ཆོས་གྲགས་ཀྱིས་ཕྱི་ལོ་ ༡༩༤༧ ལོར་བརྡ་དག་ཚིག་མཛོད་བརྩམས། ཕྱི་ལོ་ ༡༩༥༦ ལོར་བསྒྲིགས་པའི་བོད་དང་ཉི་ཧོང་ཚིག་མཛོད། ཕྱི་ལོ་ ༡༩༥༨ ནས་རིམ་བཞིན་བསྒྲིགས་པའི་ལོ་ཀ་ཅན་དར་གྱི་བོད་དང་ལེགས་སྦྱར་ཤན་སྦྱར་གྱི་ཚིག་མཛོད། རོ་རེཀས་བོད་དང་ཨུ་རུ་སུ་དབྱིན་ཇི་བཅས་ཀྱི་ཚིག་མཛོད། བོད་བརྡའི་ཚིག་མཛོད་དམ་ཡུལ་གངས་ཅན་པའི་སྐད་ཀྱི་བརྡ་ལས་བརྩམས་པའི་མིང་ཚིག་གི་གཟུགས་སྣང་འབུམ་ཕྲག་འཆར་བའི་ངོ་མཚར་འཕྲུལ་གྱི་མེ་ལོང་ནི། སྔར་གྱི་དག་ཡིག་རྙིང་པ་བཅུ་ལྷག་དཔྱད་གཞིར་བཟུང་སྟེ་བྲག་གཡབ་རིན་པོ་ཆེས་བསྒྲིགས་ནས་ཕྱི་ལོ་ ༡༩༦༦ ལོར་རྒྱ་གར་ནང་དཔར་དུ་བསྐྲུན་པ་ཞིག་ཡིན། 
 ཨ་ཁུ་བསམ་གཏན་གྱིས་མགོ་ཁྲིད་འོག་ལས་རོགས་ཁག་ཅིག་གིས་དག་ཡིག་གསར་བསྒྲིགས་རྩོམ་སྒྲིག་བྱས་ཤིང་ཕྱི་ལོ་ ༡༩༧༩ ལོར་མཚོ་སྔོན་མི་རིགས་དཔེ་བསྐྲུན་ཁང་ནས་དཔར་དུ་བསྐྲུན། ཕྱི་ལོ་ ༡༩༨༢ ལོར་ལྷ་ས་སྨན་རྩིས་ཁང་གི་དབང་འདུས་ཀྱིས་གསོ་རིག་གཡུ་ཐོག་དགོངས་རྒྱན་བརྩམས། ཕྱི་ལོ་ ༡༩༨༤ ལོར་མ་ཚིག་ལྔ་ཁྲི་སུམ་སྟོང་ལྷག་ཡོད་པའི་བོད་རྒྱ་ཚིག་མཛོད་ཆེན་མོ་དཔར་དུ་བསྐྲུན། 
  བཙན་ལྷ་ངག་དབང་ཚུལ་ཁྲིམས་ཀྱིས་བརྡ་བཀྲོལ་གསེར་གྱི་མེ་ལོང་རྩོམ་སྒྲིག་བྱས་ཤིང་། ཕྱི་ལོ་ ༡༩༨༧ ལོར་དཔར་དུ་བསྐྲུན། ཕྱི་ལོ་ ༡༩༨༨ བསེ་མཁར་ཀུན་དགའ་ཚེ་རིང་གིས་སྨན་གྱི་མིང་མཛོད་བརྩམས། ཝཱ་ར་ཎ་སི་བོད་ཀྱི་གཙུག་ལག་སློབ་གཉེར་ཁང་ནས་བསྒྲིགས་པའི་བོད་སྐད་དང་ལེགས་སྦྱར་ཚིག་མཛོད་ཆེན་མོ་པོད་ཕྲེང་བཅུ་དྲུག་ཅན། བཀྲ་ཤིས་ཚེ་རིང་གི་དབྱིན་བོད་ཚིག་མཛོད། ཀརྨ་སྨོན་ལམ་གྱི་དབྱིན་བོད་ཚིག་མཛོད་གསར་མ། ཕྱི་ལོ་ ༡༩༩༩ ལོར་དཔའ་རིས་སངས་རྒྱས་ཀྱི་དཔེ་ཆོས་ཚིག་མཛོད་སོགས་དུས་རབས་ཉི་ཤུའི་ནང་ཡང་ཚིག་མཛོད་སྣ་ཚོགས་རྩོམ་སྒྲིག་དང་དཔར་བསྐྲུན་གནང་ཡོད། 
དེ་བཞིན་དུས་རབས་ཉེར་གཅིག་པའི་ནང་སྤྱི་དང་སྒེར་མང་པོས་ཚིག་མཛོད་གང་འཚམ་མང་པོ་བསྒྲིགས་དང་སྒྲིག་བཞིན་ཡོད།
 དེ་ལྟར་ཚིག་མཛོད་ཀྱི་གྲངས་ཀ་མང་ཡང་མ་ཚིག་གི་གྲངས་འབོར་ཤིན་ཏུ་ཉུང་བ། འགྲེལ་བཤད་ཀྱི་སྤུས་ཚད་དེ་ལས་ཞན་པ། འདི་དག་ལ་ཡར་རྒྱས་གཏོང་མ་ནུས་ཚེ། ང་ཚོ་མི་རབས་ཕྱི་མ་རྣམས་ཀྱི་སྔུན་ནས་ངོ་གནོང་དགོས་པ་དང་། བོད་ཀྱི་རིག་གཞུང་སྤྱིའི་གྱོང་གུད་ཅིག་ཏུ་ངེས་པས་ང་ཚོས་འབད་བརྩོན་ལྷོད་མེད་དགོས་པ་ཧ་ཅང་གལ་ཆེ། ང་ཚོའི་ཡབ་མེས་གོང་མ་དག་གི་ཤེས་རིག་དཔལ་ཡོན་སྤྱི་དང་ཁྱད་པར་ཚིག་མཛོད་ལྟ་བུ་ལ་མཚོན་ན། སྐབས་དེ་དུས་ཀྱི་འཛམ་གླིང་གི་ཆེས་སྔོན་ཐོན་གྱི་གྲས་སུ་སླེབས་ཡོད་པ། གོང་སྨོས་འཛམ་གླིང་གི་ཆེས་སྔ་བའི་ཚིག་མཛོད་ཁག་དང་ང་ཚོའི་ཚིག་མཛོད་སྔ་ཤོས་དག་བསྡུར་ན་ཤེས་ནུས། ཡིན་ཡང་། དུས་རབས་འདིར་ཕྱི་ནང་གི་འགལ་རྐྱེན་མང་པོའི་དབང་གིས་རང་རེའི་མི་རིགས་རིག་གཞུང་དང་བཅས་པ་འཆི་གསོན་གྱི་དུས་སུ་སླེབས་ཡོད་པ་ཡོངས་གྲགས་ཆགས་ཡོད་པ་ཤེས་གསལ་ཡིན།
 དེས་ན་ཧ་ཅང་ཉག་ཕྲ་བའི་བོད་ཀྱི་གནས་བབ་འདི་བླ་ན་མེད་པའི་ལས་དོན་གྱི་ལམ་བུ་དང་། འབུར་དུ་ཐོན་པའི་གྲུབ་འབྲས་ཀྱི་མཐུན་རྐྱེན་ཡང་ཡིན་སྲིད། མདོར་ན་བོད་ཀྱི་ཤེས་ཡོན་པ་དག་མཉམ་འབྲེལ་གནང་ནས་མ་འོངས་བུ་རབས་ཚ་རྒྱུད་ལ་ལེགས་སྐྱེས་ཅི་ཞིག་འཇོག་དགོས་མིན། རང་གི་རིག་གཞུང་གིས་རང་ཉིད་ཇི་ལྟར་སྐྱོབ་ཏུ་འཇུག་རྒྱུ་ལ་བསམ་གཞིག་ནན་མོ་གཏོང་དགོས་པའི་དུས་སུ་བབ་པར་མཐོང་། རིག་གཞུང་ཞིག་གིས་མི་རིགས་སྐྱོབ་ཐུབ་མིན་ནི། མི་རིགས་དེས་རིག་གཞུང་བེད་སྤྱོད་གཏོང་སྟངས་ལ་རག་ལས་པར་སེམས། 
 དུས་དང་དགོས་མཁོ་ཁོར་ཡུག་བཅས་ལ་གཞིགས་ནས་བླང་དོར་ཡོད་པའི་སྒོ་ནས་རིག་གཞུང་བེད་སྤྱོད་གནང་རྒྱུ་གལ་ཆེ་བ་ལས། ལར་ཞེན་དང་རང་མཐོང་། དམ་འཛིན་ཙམ་གྱིས་རིག་གཞུང་གིས་མི་རིགས་ཀྱང་སྐྱོབ་མི་ཐུབ་ལ། མི་རིགས་ཀྱིས་རིག་གཞུང་ཡང་སྐྱོབ་མི་ནུས་སྟབས། འདི་ནས་ང་ཚོས་བོད་རང་སྐད་ཀྱི་ཆོས་ཉིད་དང་མཐུན་པ་སྟེ། རིགས་པས་དཔྱད་ན་དོན་ལ་གནས་དགོས་པ་དང་གཅིག སྔར་ཡོད་རྒྱུད་འཛིན་ཙམ་མ་ཟད་གཙོ་བོ་གསར་གཏོད་དམ་རང་ཉིད་ཀྱི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ཡོད་དགོས་པ་དང་གཉིས། སྐད་ཡིག་གྲགས་ཅན་གཞན་གྱི་སྤྱི་འགྲོས་དང་ཕྱོགས་མཐུན་ཆགས་དགོས་པ་དང་གསུམ། དབྱེ་གཞི་དབྱེ་བའི་ཡ་གྱལ་དུ་མ་སོང་ཞིང་དགོས་མེད་ཀྱི་རྣམ་གྲངས་མང་པོ་བཀར་བ་ལྟ་བུ་མིན་པར་དབྱེ་བ་མཚན་ཉིད་པ་ཡིན་དགོས་པ་དང་བཞི་གཞི་ལ་བཟུང་ཞིང་། མི་རེ་གཉིས་ཀྱི་བསམ་ཚུལ་གཙོར་འདོན་བྱས་པ་ཙམ་མ་ཡིན་པར་བོད་ཕྱི་ནང་གི་ཆེད་མཁས་པ་མང་པོར་དྲི་གཏུགས་དང་། འབྲེལ་འདྲིས་སོགས་བྱས་ཏེ་རྒྱུས་ལོན་གཏིང་ཟབ་བྱས་པ་དང་། ཁྱད་པར་རིས་སུ་མ་ཆད་པའི་བོད་ཀྱི་ཆོས་བརྒྱུད་ཁག་གི་དབུ་ཁྲིད་རྣམ་པར་སྙན་གསན་ཕབ་ཅིང་། ཆོས་བརྒྱུད་རང་རང་གི་ཆེད་ལས་རྩོམ་སྒྲིག་ཁང་དམིགས་འཛུགས་བྱས་ཏེ། ཆོས་ལུགས་ཀྱི་ཐ་སྙད་ཁག་གི་འགྲེལ་བཤད་དང་གོ་དོན་གང་ཡིན་མདོ་སྔགས་གྲུབ་མཐའ་སོ་སོའི་སྐབས་ཀྱི་འཇུག་དོན། སྒྲ་མཐུན་དོན་དཔག་གི་སྐབས་ཤན་ཕྱེ་ནས་འགྲེལ་བཤད་དགོས་པའི་བླང་བྱ་བཏོན་ཡོད། 
  དེ་བཞིན་ཡུལ་ལུང་འདྲ་མིན་གྱི་ཡུལ་སྐད་བསྡུ་སྒྲིག ཚོ་སྡེ་སོ་སོའི་ལོ་རྒྱུས་གོམས་སྲོལ། སྨན་རྩིས་ལོ་རྒྱུས་སོགས་རིག་ཚན་སོ་སོའི་ཆེད་ལས་པར་མཉམ་འབྲེལ་གྱིས་ཕྱོགས་མེད་རིས་མེད་ཀྱི་ལྟ་ཚུལ་བཟུང་ཡོད་སྟབས། ཉེ་རབས་ཀྱི་གྲགས་ཅན་ཚིག་མཛོད་ཁག་ཅིག་གི་མིང་བརྡའི་འགྲེལ་བཤད་རྒྱག་སྟངས་ཐད་གནད་དོན་ཡོད་པ། བོད་ཀྱི་ལོ་རྒྱུས་དང་རིག་གནས་སོགས་མཚོན་པའི་ཐ་སྙད་ཁག་ལ་ཕྱོགས་གཅིག་ཁོ་ནའི་ལྟ་ཚུལ་གྱིས་འགྲེལ་བཤད་བརྒྱབ་ཡོད་པ། བོད་ཀྱི་ལོ་རྒྱུས་དང་ཆོས་ལུགས་རིག་གནས་སོགས་ཀྱི་བརྡ་ཆད་ཁ་མི་ཚང་བ། གཞུང་དོན་དང་མི་མཐུན་པའི་འགྲེལ་ལོག་བརྒྱབ་པ་ཁག་གཙང་སེལ་ཐུབ་པའི་རེ་བ་བཅངས་ཡོད་ལ། ད་ལྟའི་བར་དུ་ང་ཚོས་ལས་ཀའི་ཉམས་མྱོང་དང་མཁས་པ་མང་པོའི་དགོངས་ཚུལ་བཅས་ཕྱོགས་བསྡོམས་ཀྱིས་ཚིག་མཛོད་ཆེན་མོ་འདི་ལ་སྔར་མེད་ཁྱད་ཆོས་ལྡན་ལ། ལྷག་པར་ཚིག་མཛོད་ཐོན་རིམ་གཉིས་པ་འདིར་ཡང་ཐོན་རིམ་དང་པོའི་སྒྲིག་ཚུལ་ལ་འཕྲི་སྣོན་དང་བཟོ་བཅོས་གང་ཐུབ་བྱས་ཡོད་པ་ནི། བརྡ་སྤྲོད་ཀྱི་དབྱེ་བ་ལ་ཞིབ་ཚགས་སླར་སྣོན་དང་བརྡ་ཆད་ཀྱི་དབྱེ་བ་ཡང་གསར་བར་གང་འཚམ་བསྣན་ཡོད། འཇུག་དོན་གྱི་ཆ་ནས་ཀྱང་སྔ་མར་འཇུག་དོན་ལྔ་དྲུག་ལས་མེད་པ་ལ་འདིར་འཇུག་དོན་སུམ་ཅུ་ལྷག་བསྣན་ཡོད་པ་སོགས་སྔར་དང་བསྡུར་ན་ཧ་ཅང་ཕུན་སུམ་ཚོགས་པར་ཆགས་ཡོད། 
 འོན་ཀྱང་ཡར་རྒྱས་ལ་མཐའ་མེད་སྟབས་ང་ཚོས་མུ་མཐུད་དུ་སླར་བསྣན་དང་བཟོ་བཅོས་བྱ་རྒྱུའི་འདུན་པ་སྔར་ལྷག་བཅངས་ཡོད།
 དེང་སང་བོད་ཀྱི་མཁས་པ་མང་པོས་ཚིག་མཛོད་ལ་མིང་མཛོད་ཅེས་མིང་འདོགས་དགོས་པའི་དགོངས་ཚུལ་འདོན་མཁན་ཡོད་ཀྱང་། 
 འདིར་ཚིག་མཛོད་ཅེས་མིང་བཀོལ་བའི་རྒྱུ་མཚན། གོམས་སྲོལ་རྒྱུན་འཛིན་བྱས་པ་ཙམ་མ་ཡིན་པར་བོད་ཀྱི་ཡིག་འཁོད་ལོ་རྒྱུས་སྔ་ཤོས་རྣམས་སུ་ཚིག་གི་མཛོད་དང་ཚིག་གི་གཏེར་ཞེས་གསུངས་ཡོད་པ་མ་ཟད། དོན་གྱི་སྟེང་ནས་ཀྱང་ཚིག་མཛོད་ཅེས་བཀོལ་ན་གོ་རྒྱ་ཆེ་བའི་རྒྱུ་མཚན་ཡོད་པས་ཡིན། དེ་ཡང་ཚིག་ཅེས་པ་མིང་ཚིག་ཡི་གེ་གསུམ་གྱི་ཚིག་ཙམ་ལ་གོ་རྒྱུ་མ་ཡིན་པར་འདིར་ཚིག་ཅེས་པ་དབྱིན་སྐད་ཀྱི་(word)ཅེས་པ་དང་གཅིག་མཚུངས་ཡིན་ལ། བོད་རང་གི་སྐད་ལ་ཡང་ཚིག་ཅེས་པ་མིང་ཚིག་ཡི་གེ་གསུམ་གྱི་ཚིག་ཙམ་ལ་གོ་ན་ཁྱབ་ཆུང་བ་ཡིན། དེ་ཡང་སྔོན་གྱི་ལོ་པཎ་རྣམས་ཀྱིས་ལེགས་སྦྱར་གྱི་མིང་ཚིག་ཡི་གེ་གསུམ་གྱི་ཡ་གྱལ་པ་ད། དེ་བོད་སྐད་དུ་ཚིག་ཅེས་པར་བསྒྱུར་བ་ཙམ་ལས། བོད་རང་སྐད་ལ་ཚིག་ཅེས་པ་མིང་ཚིག་ཡི་གེ་གསུམ་གྱི་ཟླས་ཕྱེ་བའི་ཚིག་ཁོ་ན་ལ་གོ་ཡི་མེད་ལ། ལེགས་སྦྱར་དུ་བོད་སྐད་ཀྱི་ཚིག་ཅེས་པ་ལ་སྒྲ་མ་འདྲ་བ། པ་ད་དང་ཤབྡ་ལྟ་བུ་སོ་སོར་ཡོད་ཀྱང་བོད་སྐད་དུ་གཉིས་ཆ་ལ་ཚིག་ཅེས་མིང་གཅིག་ལས་མེད་ཀྱང་དོན་སོ་སོར་ཡོད་པ་ཤེས་གལ་ཆེ། དེ་མིན་བོད་སྐད་ཀྱི་ཚིག་ལེགས་སྦྱར་གྱི་པ་དའི་འཇུག་དོན་ཁོ་ན་ལ་གོ་མི་རུང་། དབྱིན་སྐད་ཀྱི་ Dictionary ལ་ལེགས་སྦྱར་དུ་ཤབྡ་ཀོཥཞེས་ཡོངས་ཁྱབ་ཏུ་བཀོལ་བཞིན་པ་བོད་སྐད་དུ་ཐ་སྙད་མཛོད་དམ་ཚིག་མཛོད་ཅེས་པའི་དོན་ཡིན། མིང་མཛོད་ཀྱི་སྐད་དོད་སང་ཛྙཱ་ཀོ་ཥ་ཞེས་གཏན་ནས་བཀོལ་མེད་ལ། པ་ད་ཀོ་ཥ་ཞེས་དེ་བས་བཀོལ་མེད། དེས་ན་ཚིག་ཅེས་པ་འདི་བོད་སྐད་ནང་བཀོལ་ཁྱབ་ཧ་ཅང་ཆེ་བ་ཞིག་ཡིན་པས་ཚོགས་གསུམ་གྱི་ཟླས་ཕྱེ་བའི་ཚིག་ཁོ་ན་ལ་གོ་ཡི་མེད་པ་ཤེས་ན་ཚིག་མཛོད་ཅེས་བརྗོད་ན་དོན་དང་མི་འགལ་ལ། གོམས་སྲོལ་དུ་ཡང་ཆགས་ཡོད་སྟབས་དགོས་པ་དམིགས་བསལ་མེད་པར་ཐ་སྙད་བརྗེ་བསྒྱུར་བྱས་ན་མགོ་རྨོངས་བྱེད་ཙམ་ལས་མེད་པས་སོར་འཇོག་བྱས་ཡོད། གོང་དུ་སྨོས་པ་དག་དཔེར་མཚོན་ཙམ་ལས་བོད་སྐད་ཡིག་ནང་ཚིག་ཅེས་པ་ལས་གྲུབ་པའི་ཐ་སྙད་བརྒྱ་ཕྲག་མང་པོ་ཡོད་པ། ཕལ་མོ་ཆེ་མིང་ཚིག་ཡི་གེ་གསུམ་གྱི་ཚིག་ཙམ་ལ་གོ་ཡི་མེད་པ་ཤིན་ཏུ་གསལ། འདིར་གླེང་དགོས་པ་ཅུང་ཟད་ཡོད་ཀྱང་རེ་ཞིག་དེ་ཙམ་གྱིས་འཐུས་པར་བྱ། 

དང་པོ་མ་ཚིག 
ཚིག་མཛོད་རྩོམ་སྒྲིག་གི་ལག་ལེན་ལས་ཀའི་ཐོག་མ་ནི་སྐད་བརྡའི་ཁྲོད་དུ་ཡོད་པའི་ཐ་སྙད་འདེམ་སྡུད་བྱ་རྒྱུ་དེ་ཡིན་ཞིང། དེ་ནི་འགྲེལ་བཤད་བྱ་སའི་རྩ་བའི་མ་ཚིག་རྣམས་ལ་ཟེར་བ་ཡིན། དེ་ཡང་བོད་ཀྱི་སྐད་ཡིག་དང་རིག་གནས་ཁག་གི་ཐ་སྙད་ཆ་ཚང་བའི་ཚིག་མཛོད་ཅིག་བཟོ་བ་ལ། ཐོག་མར་མ་ཚིག་རྣམས་ཇི་ལྟར་བསྡུ་སྒྲིག་བྱ་རྒྱུ་གཏན་ལ་འབེབས་དགོས། ད་ཕན་དག་ཡིག་གམ་ཚིག་མཛོད་རྣམས་སུ་བསྡུ་སྒྲིག་བྱས་ཡོད་པ་ཙམ་མ་ཡིན་པར་གཞུང་ལུགས་བསྟན་བཅོས་སུ་ཡོད་ཅིང་ཚིག་མཛོད་ནང་མ་ཐེ་བ་ཁག་བསྡུ་སྒྲིག་དང་འགྲེལ་བཤད་དང་། ཁ་སྐད་ཚད་ལྡན་ནང་ཡོད་པ་གང་ཞིག་ཡིག་འཁོད་མེད་པའི་རིགས་ཀྱང་བླང་དོར་ཡོད་པའི་སྒོ་ནས་བསྡུ་ལེན་བྱེད་དགོས། མ་ཚིག་གང་ཞིག་ལེན་དགོས་མིན་ལ་དང་པོ་ཐ་སྙད་དམ་ཚིག་གི་དབྱེ་བ་སྤུས་དག་པོ་ཞིག་གཏན་འབེབས་དགོས་པས། བོད་རང་གི་སྐད་ཀྱི་ཆོས་ཉིད་དང་མཐུན་ཞིང་། དེང་དུས་རྒྱལ་སྤྱིའི་སྐད་ཡིག་གི་འགྲོས་དང་མཐུན་པའི་ཚིག་གི་དབྱེ་བ་རྣམས་ཞིབ་གསལ་ངེས་དག་ཅིག་མེད་ཕྱིན། མ་ཚིག་གང་ཞིག་བསྡུ་དགོས་མིན་མི་ཤེས་པས། ཚིག་གི་དབྱེ་བ་དག་ལ་ཞིབ་འཇུག་དང་གཅིག་གྱུར་བཟོ་དགོས། ད་སྔོན་རང་རེ་ལ་འདིའི་རྣམ་གཞག་གཅིག་གྱུར་ཅིག་མེད་སྟབས་ཞིབ་འཇུག་ངེས་འདྲོང་དགོས་ལ། གཞན་ཡང་མ་ཚིག་གི་གོ་རིམ། འཇུག་དོན་ཐ་དད་ཅན་གྱི་གོ་རིམ། ཨང་གྲངས་འདེབས་ཚུལ། མ་ཚིག་འཚོལ་སྡུད་བྱེད་སྟངས་སོགས་ཞིབ་གསལ་གཏན་འབེབས་བཟོས་པ་ཡིན། 

གཉིས་པ་བརྡ་སྤྲོད་ཀྱི་དབྱེ་བ། 

འདི་ལྟ་བུའི་བརྡ་སྤྲོད་ཀྱི་དབྱེ་བ་ཁག་ལེགས་པར་ངོས་མ་ཟིན་ཕྱིན། མ་ཚིག་གི་སྤུས་ཚད་འཇལ་བའི་ཚད་གཞི་མི་རྙེད་ལ། འགྲེལ་ཚིག་གི་ཁ་ཕྱོགས་ཀྱང་ལེགས་པར་ངོས་མི་ཟིན་ཅིང་། སྐད་ཡིག་སློབ་གཉེར་བ་དག་གིས་ཚིག་གི་གོ་རིམ་དང་རྣམ་གཞག སྐད་ཡིག་གི་གནད་ལེགས་པར་མི་རྟོགས་མོད། ད་བར་རང་རེ་བོད་ཀྱི་བརྡ་སྤྲོད་པའི་གཞུང་ལུགས་ཕལ་མོ་ཆེར་རྩེ་མོ་ནས་བསྐོར་བ་ལས་རྩ་བ་ནས་བསྔོགས་པའི་ལུགས་སྲོལ་མ་བྱུང་བས། གཞི་རིམ་མི་དམངས་དང་སྐད་ཡིག་གཉིས་པ་སློབ་མཁན་ཁག་ལ་ཕན་ཐོགས་ངེས་ཅན་ཡོད་པའི་བརྡ་སྤྲོད་ཀྱི་གཞུང་ཞིག་ཧ་ལམ་མཛུབ་མོ་གཟུགས་ས་རྙེད་དཀའ་བ་ཞིག་ཡིན། 
 དབྱིན་སྐད་དུ་ Part of speech ཞེས་པ་བོད་སྐད་དུ་བརྡ་སྤྲོད་ཀྱི་དབྱེ་བ་ཞེས་པ་ཡིན་ལ། ད་བར་བོད་ཀྱི་མཁས་པ་ཚོས་མིང་དང་དབྱེ་སྒོ་སྣ་ཚོགས་ཤིག་བྱས་ཡོད་ཀྱང་གཅིག་གྱུར་ལེགས་པོ་ཞིག་བྱུང་མེད། ཕྱི་ལོ་ ༡༨༣༤ ཕྱི་གླིང་བ་ཀོ་རོ་ཤི་ཅོ་མ་ཤཱན་དོར་(Alexander Csoma de Kőrös) གྱིས་བརྩམས་པའི་བོད་དབྱིན་ཚིག་མཛོད་(Tibetan-English dictionary) དུ་བརྡ་སྤྲོད་ཀྱི་རྩ་བའི་དབྱེ་བ་བཅུ་གཅིག་དང་ཡན་ལག་བཅས་སྡེ་ཚན་ཉེར་གཅིག་ཙམ་བཀར་ཡོད། ཕྱི་ལོ་ ༡༩༧༩ ལོ་རྒན་བསམ་གཏན་གྱིས་གཙོ་བསྒྲིགས་གནང་བའི་དག་ཡིག་གསར་བསྒྲིགས་སུ་ཐ་སྙད་ཀྱི་རིགས་ཞེས། མིང་ཚིག ཚབ་ཚིག རྒྱན་ཚིག གྲངས་ཚིག ལས་ཚིག བསྣན་ཚིག སྦྱོར་ཚིག སྦྲེལ་ཚིག གྲོགས་ཚིག འབོད་སྒྲ་བཅས་སྡེ་ཚན་བཅུ་ཅན་ཞིག་བཀོད་ཡོད། དེ་རྗེས་རྒྱ་མི་ཀྲང་ལེན་ཧྲིན་གྱིས་གཙོ་བསྒྲིགས་བྱས་པའི་བོད་རྒྱ་དབྱིན་གསུམ་ཤན་སྦྱར་གྱི་རྒྱུན་སྤྱོད་ཐ་སྙད་ཅེས་པའི་དེབ་སྒྲིག་སྐབས། ཕྱི་ལོ་ ༡༩༧༩ ལོར་བོད་ལྗོངས། མཚོ་སྔོན། སི་ཁྲོན། ཀན་སུའུ། པེ་ཅིང་སོགས་ཀྱི་འབྲེལ་ཡོད་ཁག་ལ་བསམ་ཚུལ་བསྡུ་ལེན་བྱས་ནས་ཕྱི་ལོ་ ༡༩༨༡ ལོར་པར་དུ་བཏབ་པའི་ནང་། མིང་ཚིག བྱ་ཚིག རྒྱན་ཚིག ཚད་གཞིའི་ཚིག ཚབ་ཚིག བསྣན་ཚིག སྦྱོར་ཚིག སྦྲེལ་ཚིག ཚིག་གྲོགས། ངོ་མཚར་བའི་ཚིག་ཅེས་དབྱེ་བ་བཅུ་གཅིག་བཀར་ཡོད། འདི་གཉིས་བོད་ཀྱི་བརྡ་སྤྲོད་ནང་དབྱེ་བ་འདི་རིགས་ཕྱེ་བའི་ཐོག་མ་ལྟ་བུ་ཡིན་ཡང་། ཞིབ་གསལ་གྱི་འགྲེལ་བཤད་མེད་པ། བོད་རང་གི་སྐད་བརྡའི་གཤིས་ལ་མི་མཐུན་པ་ཡོད་པ། བཀོལ་སྤྱོད་ཀྱི་ཁྱབ་རྒྱ་ཆུང་བ་བཅས་ཀྱིས་ད་བར་སྐད་ཡིག་གསར་སློབ་དང་གཞི་རིམ་སློབ་ཚན་ནང་བཀོལ་སྤྱོད་ཐུབ་མེད། 
དེ་རྗེས་བོད་རྒྱ་ཚིག་མཛོད་ཆེན་མོར། རྒྱ་ཡིག་ལ་མིང་གི་རྣམ་གྲངས་བཅུ་གཅིག་དབྱེ་བ་བཀར་ཡོད་པ། བྱ་བྱེད་ཐ་དད་པ། བྱ་བྱེད་ཐ་མི་དད་པ། ཁྱད་གཞིའི་མིང་། ཁྱད་ཆོས་ཀྱི་མིང་། སྤྱི་སྒྲ་དང་དེ་སྒྲ། གྲངས་ཚིག ཕྲད། ཚིག་རྒྱན། ཚིག་གྲོགས། རྣམ་དབྱེའི་རྐྱེན། འབོད་སྒྲ་བཅས་དང་། ལྕགས་ཐར་རྒྱལ་གྱི་བོད་ཀྱི་བརྡ་སྤྲོད་སྤྱི་རྣམ་རིག་འཕྲུལ་སྣང་མཛོད་དུ། མིང་གི་བྱེད་ལས་ཀྱི་དབྱེ་བ་ལ། ཁྱད་གཞི་བརྗོད་པའི་མིང་། ཁྱད་ཆོས་བརྗོད་པའི་མིང་། བྱ་བ་བརྗོད་པའི་མིང་། གྲངས་ཀ་བརྗོད་པའི་མིང་། འཇལ་བྱེད་ཀྱི་མིང་། ཤུགས་འདོན་པའི་མིང་། ངེས་བཟུང་གི་མིང་། གསལ་བྱེད་ཀྱི་མིང་། ཚིག་ཕྲད། འབོད་ངག་གསལ་བྱེད་ཀྱི་མིང་། ཆེད་མིང་། སྐད་ཆ། བརྡ་སྤྲོད། དཔེ་ཆོས། ཚིག་བཅས་ཀྱི་དབྱེ་བ་བཀར། སུམ་པ་དོན་གྲུབ་ཚེ་རིང་གི་སྐད་བརྡ་རིག་པའི་སྤྱི་དོན་ལས། མིང་གི་དབྱེ་བ་ལ། མིང་ཚིག བྱ་ཚིག རྒྱན་ཚིག གྲངས་ཚིག ཚད་ཚིག ཚབ་ཚིག བསྣན་ཚིག འབོད་ཚིག ཚིག་ཕྲད། སྦྱོར་ཚིག སྦྲེལ་ཚིག་བཅས་སུ་དབྱེ་ཡོད། དཔའ་རིས་སངས་རྒྱས་ཀྱི་བརྡ་སྤྲོད་གསལ་བྱེད་ངག་སྒྲོན་དུ། མིང་གི་རིགས་ཀྱི་དབྱེ་བ་ལ། དངོས་པོའི་མིང་། ཁྱད་ཆོས་ཀྱི་མིང་། བྱ་བའི་མིང་། གྲངས་ཀའི་མིང་བཅས་སུ་ཕྱེ་འདུག ཐུབ་བསྟན་སྦྱིན་པའི་བརྡ་སྤྲོད་གསར་བསྒྲིགས་སྨྲ་སྒོའི་ལྡེ་མིག་ཏུ། བརྗོད་པ་ངག་གི་ཆ་ཤས་ཞེས། མིང་ཚིག མིང་ཚབ། མིང་གྲོགས། མཇུག་སྡུད་ཀྱི་ཚིག བྱ་ཚིག ཁྱད་ཚིག རྣམ་འགྱུར་གྱི་ཚིག མཚུངས་པ་གསལ་བྱེད་ཀྱི་ཚིག གནས་སམ་ཕྱོགས་དང་དུས་བརྗོད་པའི་ཚིག ཚིག་ཕྲད། སྤྱི་སྒྲ་དང་དྲི་ཚིག འབོད་སྒྲ་བཅས་སུ་དབྱེ་ཡོད་པ་སོགས་དབྱེ་སྒོ་དང་མིང་འདོགས་ལུགས་སྣ་ཚོགས་སུ་མཆིས། 
བོད་སྐད་ཀྱི་མིང་གི་མཛོད་དུ་བོད་ཡིག་ཐོག་དབྱེ་བ་བཀར་མེད་ཀྱང་། དབྱིན་ཇི་ལ་དབྱེ་བ་དགུ་བྱས་ཡོད་པ་སོགས་ལ་དཔྱད་བསྡུར་དང་འདོར་ལེན། སྔ་རབས་མཁས་པའི་གསུང་རྩོམ་སྣ་མང་ལ་ཞིབ་འཇུག་དང་། ང་ཚོའི་ཚིག་མཛོད་འདིའི་ནང་འཁོད་པའི་ཐ་སྙད་སུམ་འབུམ་བདུན་ཁྲི་ལྷག་ལ་རེ་རེ་བཞིན་ཞིབ་འཇུག་བྱས་ནས། མིང་ཚིག ཚབ་ཚིག རྒྱན་ཚིག གྲངས་ཚིག འཇལ་ཚིག བྱ་ཚིག བསྣན་ཚིག སྒྲུབ་ཚིག བྱེད་ཚིག ཕྲད་ཚིག གྲོགས་ཚིག མཚུངས་ཚིག འབོད་ཚིག་བཅས་ལ་དཔྱད་བསྡུར་ཟུང་འབྲེལ་གྱིས་བརྡ་སྤྲོད་ཀྱི་དབྱེ་བའམ་སྡེ་ཚན་བཅུ་གསུམ་དུ་བྱས་ཡོད་ལ་ངོ་སྤྲོད་མདོར་བསྡུས་ཙམ་ཞུ་ན། 

མིང་ཚིག (Noun)
བོད་ཀྱི་དེ་སྔའི་སྲོལ་རྒྱུན་ལ་མིང་རྐྱང་དང་། བྱ་ཚིག རྒྱན་ཚིག་བཅས་ཆ་ཚང་ལ་སྤྱི་ཡོངས་ནས་མིང་ཞེས་བསྙད་ཀྱི་ཡོད། འོན་ཀྱང་ཚིག་མཛོད་ནང་མིང་རྐྱང་དང་། བྱ་ཚིག རྒྱན་ཚིག་བཅས་ཀྱི་དབྱེ་བ་ཐམས་ཅད་ལ་མིང་ཞེས་བརྗོད་ན་འགྲིག་ཐབས་མེད། དེས་ན། སྐབས་འདིར་བསྟན་གྱི་མིང་ཚིག་ཅེས་པ་ནི་ཁྱད་གཞི་བརྗོད་པའམ་ཆོས་ཅན་བརྗོད་པའི་མིང་ཁོ་ནར་གོ་དགོས། དེ་ལྟ་བུའི་མིང་ཚིག་ལ་ཁྱད་གཞི་དངོས་པོ་གང་རུང་གི་མིང་མཚོན་པ་དང་། དགག་སྒྲ་ཐོག་མར་སྦྱོར་མི་གཏུབ་པ། དུས་གསུམ་གྱི་རྣམ་གཞག་བརྩི་རྒྱུ་མེད་པ། བསྡུར་རིམ་མེད་པ་བཅས་ཀྱི་ཁྱད་ཆོས་ལྡན་ཡོད།

རྒྱན་ཚིག (Adjective)
རྒྱན་ཚིག་ཅེས་པ་ནི་མིང་ཚིག་ཅིག་དང་ལྷན་ཏུ་སྦྱར་ན་ཁྱད་གཞི་དངོས་པོ་དེའི་རང་བཞིན་དང་། བྱེད་ལས། ཁ་དོག དབྱིབས་གཟུགས། རྣམ་པའམ་ཚུགས་ཀ་སོགས་ཀྱི་ཁྱད་ཆོས་བརྗོད་པའི་ཚིག་ཅིག་ལ་ཟེར། དཔེར་ན། ཟས་མངར་མོ། དྲག་པོའི་དམག་དཔུང། སྤྲིན་པ་དཀར་པོ། ཟླ་བ་སྒོར་མོ་ལྟ་བུར་མཚོན་ན། མངར་མོ་སོགས་རྒྱན་ཚིག་དག་གིས་རིམ་པར་རང་གང་ལ་སྦྱར་བའི་མིང་ཚིག་གམ་ཁྱད་གཞི་དེའི་རང་བཞིན་དང་ཁ་དོག་སོགས་རིམ་པར་བསྟན་པ་ཡིན་ནོ། །དེ་ལྟ་བུའི་རྒྱན་ཚིག་གི་ཐ་སྙད་རྣམས་ལ་མིང་ཚིག་གམ་ཁྱད་གཞི་བརྗོད་པའི་མིང་ཞིག་དང་མཉམ་དུ་སྦྱོར་དགོས་པ་དང་། སྤྱིར་བཏང་། (Positive) བསྡུར་བ། (comparative) ཕུལ་བྱུང་།(Superlative) ལྟ་བུའི་བསྡུར་རིམ་ཡོད་པ། དཔེར་ན། རིང་པོ། རིང་བ། རིང་ཤོས་ལྟ་བུ།

ཚབ་ཚིག (Pronoun)
ཚབ་ཚིག་ནི་མིང་རྐྱང་ངམ་རྒྱན་ཚིག་གང་རུང་གི་ཚབ་བམ་དོད་དུ་སྦྱར་ཆོག་པའི་ཚིག་ཅིག་སྟེ། དེ་ལ་དོན་གྱི་འཇུག་ཚུལ་གྱི་དབང་གིས་དབྱེ་ན་རིགས་གསུམ་སྟེ། གང་ཟག་རྐྱང་པར་འཇུག་པའི་ཚབ་ཚིག ང་། ཁྱོད། ཁོང་། སུ་ལྟ་བུ། དངོས་པོ་རྐྱང་པར་འཇུག་པའི་ཚབ་ཚིག ཅི། ཇི། ཅི་ལའང་མ་འཛེམ་པར་སྐད་ཆ་བཤད་ལྟ་བུ། གང་ལྟར་དང་དོན་གཅིག་པའི་ཇི་ལྟར་ཏེ། དཔེར་ན། ཇི་ལྟར་བསྒོས་ཀྱང་རྣར་གཟོན་པ་ལྟ་བུ། གང་ཟག་དང་དངོས་པོ་གཉིས་ཀར་འཇུག་པའི་མིང་ཚབ། དེ། འདི། གང་། ལ་ལ་ལྟ་བུ།

བྱ་ཚིག (Verb)
གང་ཟག་གི་ལུས་ངག་གི་བྱ་སྤྱོད་དམ། སེམས་ཀྱི་འཕྲོ་འདུ། དངོས་པོའི་སྟེང་གི་འགུལ་སྐྱོད་དང་འཕོ་འགྱུར་བཅས་ཀྱི་རྣམ་པ་མཚོན་པའི་སྒྲ་ཞིག་སྟེ། དབྱེ་ན། དངོས་པོ་བདག་གཞན་གྱི་དབྱེ་བ་འབྱེད་དུ་ཡོད་པའི་བྱ་བྱེད་ཐ་དད་པ་དང། དངོས་པོ་བདག་གཞན་གྱི་དབྱེ་བ་ལོགས་སུ་མེད་པའི་བྱ་བྱེད་ཐ་མི་དད་པ་གཉིས། གཞན་ཡང་། དུས་གསུམ་སྤྱི་བྱེ་བྲག་ཐོར་བུ་པ་བཅས་ཀྱི་དབྱེ་བ་ཞིབ་གསལ་ཕྱེ་ཡོད་ལ། བྱ་ཚིག་ཁག་གི་གོ་དོན་འགྲེལ་བཤད་ནི་བྱེད་ཚིག་གི་སྟེང་ནས་བྱས་ཡོད་ལ། གཟུགས་འགྱུར་གྱི་བྱ་ཚིག་ཡོངས་ལ་དུས་གསུམ་གྱི་འགྱུར་ཚུལ་དཔེ་མཚོན་ཞིབ་གསལ་བཀོད་ཡོད། ཁྱད་པར་དུ་འབྲས་བརྗོད་བྱ་ཚིག་དང་། ནུས་བརྗོད་བྱ་ཚིག་གི་ངོས་འཛིན་དང་། འགྲེལ་བཤད། དཔེར་བརྗོད་བཅས་ཞིབ་གསལ་བཀོད་ཡོད། དུས་གསུམ་བྱེ་བྲག་པའི་ཁོངས་སུ་གཏོགས་ཀྱང་དུས་གསུམ་སྐུལ་ཚིག་དང་བཅས་པ་སྒྲ་གཟུགས་ཐ་དད་ཡོད་པའི་རིགས་ཀྱི་འདས་སྐུལ་ལ་སྔ་སྲོལ་ལྟར་ཡང་འཇུག་བྲིས་མེད་ལ། སྤྱིར་བཏང་པའི་ཁོངས་སུ་གཏོགས་ཀྱང་འདས་སྐུལ་སྒྲ་གཟུགས་གཅིག་པ་ལ་ཡང་འཇུག་གིས་དབྱེ་བ་ཕྱེ་ཡོད་པ་ཡང་ཤེས་དགོས། བོད་སྐད་ཀྱི་བྱ་ཚིག་ཡིན་ན་ངེས་པར་ཚེག་ཁྱིམ་གཅིག་གིས་གྲུབ་པ་ཞིག་ཡིན་སྟབས། ཚིག་མཛོད་སྔ་མ་འགའ་རེའི་ནང་བྱ་མིང་རྣམས་བྱ་ཚིག་གི་ཁོངས་སུ་བཞག་ཡོད་པ་འདིར་ཡོངས་སུ་དོར་ཡོད། 
 དེ་བཞིན་བྱ་ཚིག་ལ་ཞིབ་ཆ་དམིགས་བསལ་བྱས་ནས། འབྲས་བརྗོད་བྱ་ཚིག་དང་། ནུས་བརྗོད་བྱ་ཚིག་རྣམས་ཀྱི་འགྲེལ་བཤད་དང་དཔེར་བརྗོད་ཞིབ་གསལ་བཟོས་ཡོད་པ་དང་། དུས་གསུམ་སྤྱི་དང་བྱེ་བྲག་ཐོར་བུ་པ་བཅས་ཀྱི་སྡེ་ཚན་བཞིན་ཚིག་མཛོད་དཀྱུས་ལ་རྟགས་བཏབ་པ་དང་། ཐོར་བུ་པ་རྣམས་ཀྱི་ངོས་འཛིན་སྒྲུབ་ཕྱོགས་ནས་བྱས་ཤིང་། མཚན་ཉིད་རེ་རེ་བཞིན་བཞག་ནས་བྱ་ཚིག་གི་འབྲི་སྲོལ་གཅིག་གྱུར་ཆགས་པའི་ཐབས་ལམ་ལ་འབད་པ་བསྟེན་ཡོད། བརྡ་སྤྲོད་ཀྱི་དབྱེ་བ་ཕྱེ་བ་ནི་ཚིག་མཛོད་ཙམ་མ་ཡིན་པར་སྐད་ཡིག་སློབ་གཉེར་བྱེད་པ་ལ་ཆེས་མཁོ་གལ་ཆེ་བ་སྟེ། ཉམས་ཞིབ་པ་དང་ཉམས་མྱོང་ཅན་མང་པོས་གསུངས་ན། སྤྱིར་སྐད་ཡིག་གཉིས་པ་ཞིག་སྦྱོང་བའི་དུས་ཡུན་ལོ་གསུམ་ཙམ་ཡིན་ཡང་། མི་རིགས་གཞན་པའི་བོད་སྐད་སྦྱོང་མཁན་རྣམས་ཀྱིས་ལོ་གསུམ་ནང་བོད་སྐད་ཤེས་ཐུབ་ཀྱི་མེད་པ། གཙོ་བོ་རྒྱལ་སྤྱིའི་སྤྱི་འགྲོས་དང་མཐུན་པའི་བརྡ་སྤྲོད་ཀྱི་དབྱེ་བ་འདི་རིགས་བཀར་མ་ཐུབ་པ་ལ་ཐུག་ཡོད་པར་གསུང་གིན་ཡོད་པ་དོན་ལ་ཡང་གནས་ངེས། དེས་ན་ང་ཚོས་དབྱེ་ཞིབ་བླང་དོར་ཞིབ་ནན་སྒོས་བརྡ་སྤྲོད་ཀྱི་དབྱེ་བ་འདི་དག་ལ་ཞིབ་ཚགས་བྱས་ཡོད། བརྡ་སྤྲོད་ཀྱི་དབྱེ་བ་ཁག་གི་ངོ་སྤྲོད་དང་། དོགས་སློང་། དཔྱད་བརྗོད། དབྱེ་བ་རེ་རེ་ལ་ཡང་ནང་གསེས་མང་ཙམ་ཡོད་པ་ཟུར་དུ་བརྡ་སྤྲོད་ཁག་གི་ངོ་སྤྲོད་རྒྱས་པ་ཞིག་བོད་ཀྱི་ཚིག་མཛོད་རིག་པར་རྒྱས་ཙམ་བཀོད་ཡོད་པས་དེར་གཟིགས་པར་འཚལ། 

བསྣན་ཚིག (Adverb)
བསྣན་ཚིག་ནི་བྱ་ཚིག་གམ་རྒྱན་ཚིག་གང་རུང་དང་མཉམ་དུ་སྦྱར་ཚེ་དངོས་པོའི་ཚད་དང་དུས་སོགས་དོན་གྱི་ཁྱད་པར་གཞན་ཞིག་སྣོན་པའམ་སྟོན་པའི་ཚིག་ཅིག་ལ་ཟེར། དབྱེ་ན། རྐྱེན་གཞན་སྦྱར་ནས་བསྣན་ཚིག་ཏུ་གྱུར་པ། ལ་དོན་སྦྱར་ནས་བསྣན་ཚིག་ཏུ་གྱུར་པ། མགྱོགས་པོར་རྒྱུགས། གསལ་བར་རྟོགས་ལྟ་བུ། བྱེད་སྒྲའི་ཕྲད་སྦྱར་ནས་བསྣན་ཚིག་ཏུ་གྱུར་པ། དལ་གྱིས་རྒྱུ་ལྟ་བུ། ནས་སྒྲ་སྦྱར་ནས་བསྣན་ཚིག་ཏུ་གྱུར་པ། ནན་ཏན་སྒོ་ནས་བཤད་ལྟ་བུ་དང་། དེ་བཞིན་རབ་ཏུ། ལྷག་པར། ཤིན་ཏུ་སོགས་ཉེར་སྒྱུར་རྣམས་ཀྱང་བསྣན་ཚིག་གི་སྡེ་ཚན་ནང་གཏོགས་པ་ཡིན། ཚིག་རང་ངོས་ནས་བསྣན་ཚིག་ཏུ་གྲུབ་པ། དཔེར་ན། མ་བསྐྱིལ་རང་འཁྱིལ་ཞེས་པའི་རང་དང་། དེ་བཞིན་ཅུང་དམར་ལྟ་བུའི་ཅུང་སོགས་སོ། །

བྱེད་ཚིག (Preposition)
བྱ་ཚིག་དང་ངེས་པར་འབྲེལ་བའི་ཕྲད་དམིགས་བསལ་བ་རྣམ་དབྱེ་གཉིས་པ། གསུམ་པ། བཞི་པ། ལྔ་པ། བདུན་པ། དེ་ཉིད། ཚེ་སྐབས་བཅས་ཀྱི་ཕྲད་ཡིན་ལ། འདིའི་སྐབས་དམིགས་བསལ་གཟབ་ནན་གྱིས་ཤེས་དགོས་པ་ཞིག་ནི། སྐབས་འདིར་བསྟན་གྱི་བྱེད་ཚིག་ཅེས་པ་བྱ་བྱེད་ལས་གསུམ་གྱི་ཟླས་ཕྱེ་བའི་བྱེད་ཚིག་ལ་གོ་རྒྱུ་མིན་པར། བྱ་ཚིག་དང་འབྲེལ་བའི་ཕྲད་དམིགས་བསལ་བ་དག་ལ་གོ་དགོས་པ་ཡིན། གནས་བརྒྱད་ཆེན་པོ་ལས། བྱེད་པའི་ཚིག་དྲུག་གི་ལུགས་ནི་ལྷ་སྦྱིན་འབྲས་ཆན་འཚེད་པ་དང༌། མཆོད་སྦྱིན་ཤིང་གཅོད་པ་ལ་སོགས་པ་དང་པོ་བྱེད་པ་བསྒྱུར་བའམ་ངོ་བོ་ཙམ་སྟོན་པའི་ཚིག་གོ ། 
གང་ལ་བྱེད་ཅེས་པ་ནི་གཉིས་པ་ལས་ཀྱི་ཚིག་སྟེ། ལས་སུ་བྱ་བ་གང་ཞིག་ལས་བྱེད་པ་གཞན་ཞིག་ཡུལ་དུ་བྱས་པ་ཡིན་ཏེ། ཤིང་ལ་བྱེད་ཅེས་པ་ལྟ་བུའོ། །གང་གིས་བྱེད་ཅེས་པ་ལྟ་བུ་ནི་གསུམ་པ་བྱེད་པའི་ཚིག་ཡིན་ཏེ་སྟ་རེས་བྱེད་ཅེས་པ་ལྟ་བུའོ། །

གང་གི་བྱེད་ཅེས་པ་ནི་བཞི་པ་དགོས་ཆེད་ཀྱི་ཚིག་ཡིན་ཏེ་ཀ་བའི་ཕྱིར་བྱེད་ཅེས་པ་ལྟ་བུའོ། །གང་ལས་བྱེད་པ་ནི་ལྔ་པ་རྒྱུའི་ཚིག་ཡིན་ཏེ་ཤིང་ལས་བྱེད་པ་ལྟ་བུའོ། །དེ་དག་ཀྱང་བྱེད་པའི་དུས་ན་ལས་ཡིན་ལ། བྱ་བ་དང་སྦྱར་ན་རྒྱུ་ཡིན། བྱས་པ་ནི་དགོས་ཆེད་ཡིན་ནོ། །
གང་ན་བྱེད་ཅེས་པ་ནི། དྲུག་པ་གནས་གཞིའི་ཚིག་ཡིན་ཏེ། ཡུལ་དབུས་ན་བྱེད་ཅེས་པ་ལྟ་བུའོ། །
 འདིར་བྱེད་ཅན་ལྔ་དམིགས་སུ་བཀར་ནས་བྱེད་ཚིག་ཅེས་བཤད་ཀྱིན་ཡོད་ལ། འདིར་ང་ཚོའི་བརྡ་སྤྲོད་པའི་གཞུང་རྣམས་སུ་ཕྲད་དང་རྣམ་དབྱེ་ཞེས་གྲགས་པ་ཡང་དགོས་པ་ཁྱད་པར་ཅན་གྱི་དབང་གིས་བརྡ་སྤྲོད་ཀྱི་སྡེ་ཚན་མི་འདྲ་བ་ཁག་ཁ་ཤས་ཀྱི་ནང་དུ་བགོས་ཡོད་པ་ཡང་སྐབས་བབ་བཞིན་ཤེས་གལ་ཆེ། འདིར་ཕྲད་ཀྱི་གཙོ་བོ་རྣམས་བྱེད་ཅན་དྲུག་དང་ཕྲད་ཀྱི་སྡེ་ཚན་གཉིས་སུ་ཕྱེ་ཡོད། བྱེད་ཚིག་ནི་དབྱིན་སྐད་ཀྱི་ preposition གྱི་རིགས་རྣམས་དང་། ཕྲད་ཚིག་ནི་ conjunction གྱི་སྡེ་ཚན་རྣམས་ལ་གོ་དགོས་པ་ཡིན། 
སྡེ་ཚན་འདི་གཉིས་ལོགས་སུ་མ་ཕྱེ་ན་དབྱིན་སྐད་ཀྱི་བརྡ་སྤྲོད་ཀྱི་སྡེ་ཚན་རྣམས་དང་རང་རེའི་བརྡ་སྤྲོད་ཀྱི་དབྱེ་བ་རྣམས་ཕན་ཚུན་ངོ་འཕྲོད་མི་ཐུབ་པ་དང་། 
ལྷག་པར་སྐད་ཡིག་གཉིས་པ་སྦྱོང་མཁན་རྣམས་ལ་དཀའ་ངལ་ཆེ་བ་དང་། བོད་ཀྱི་བརྡ་སྤྲོད་ཀྱིས་ཕྱི་ལུགས་ཀྱི་སྐད་ཡིག་གི་ཁྱད་ཆོས་ཀྱི་རྗེས་མ་ཟིན་པ་ལྟ་བུའི་ཚོར་སྣང་སྐྱེ་སྲིད་པ་དང་། 
རྒྱལ་སྤྱིའི་བརྡ་སྤྲོད་ཀྱི་སྒྲོམ་གཞི་དང་མི་མཐུན་པའམ་ང་ཚོའི་སྐད་ཡིག་རྒྱལ་སྤྱི་ཅན་དུ་འགྲོ་བར་སྐྱོན་གནས་ལྟ་བུར་འགྲོ་བ་སོགས་ལ་དམིགས་ནས་ང་ཚོས་གང་ཐུབ་ཀྱི་རང་རེའི་བརྡ་སྤྲོད་ཡར་རྒྱས་དང་ཞིབ་ཚགས་སུ་བཏང་བའི་ཁུལ་ཡིན། 
དེ་ཡང་ཚོགས་གསུམ་གསལ་བ་ལས། 
དེ་ལ་བྱེད་པ་ཅན་དྲུག་ནི། །
བྱེད་པོ་ལས་དང་བྱེད་པ་ཆེད། །
འབྱུང་ཁུངས་གཞི་རྣམས་བྱེད་ཅན་དྲུག །
དྲུག་བརྒྱད་དོར་བའི་རྣམ་དབྱེ་གཞི། །
ཞེས་གསུངས་ཤིང་། འགྲེལ་བཤད་ཀྱི་སྐབས་སུ་བྱེད་པ་པོ་ལ་འཇུག་པའི་རྣམ་དབྱེ་དང་པོ་བསྡུས་པ་ནི། ཚིག་སྡུད་གཞན་ཡིན་པས་འདིར་མ་སྨྲོས་ཤིང་། ཞེས་དང་། 
བྱེད་པ་ཅན་མ་ཡིན་ཡང་དྲུག་པར་བསྡུས་པ། རྒྱལ་པོའི་སྐྱེས་བུ་ནི་རྒྱལ་པོ་སྐྱེས་བུའམ་རྒྱལ་སྐྱེས་དང་། མིའི་མགོ་ལ་མི་མགོ་ལྟ་བུའོ། །ཞེས་དང་པོ་དང་དྲུག་པ་བྱེད་ཅན་དྲུག་གི་སྐབས་སུ་དམིགས་སུ་བཀར་ནས་ཡོད་པ་དང་། བྱེད་ཚིག་གི་སྐབས་སུ་ Preposition གྱི་གོ་དོན་དང་མི་འཚམས་པས་ལོགས་སུ་བཀར་ནས་འདིར་བྱེད་ཚིག་ལྔ་པོ་ཙམ་ལ་གོ་དགོས། 

ཕྲད་ཚིག (Conjunction)
ཕྲད་ཚིག་ནི་རང་ངོས་ནས་དོན་ཅི་ཡང་མི་སྟོན་ཅིང། ཚིག་སྦྱོར་ནང་ཞུགས་ཚེ་དོན་གསལ་བའམ། མཚམས་སྦྱོར་བ། བརྗོད་བདེ་བར་ཕན་འདོགས་པར་བྱེད་པའི་ཚིག་རྣམས་ལ་བྱ། 

སྒྲུབ་ཚིག (Auxiliary verb /Helping verb)
རང་ངོས་ནས་བྱ་བའི་རྣམ་འགྱུར་མི་སྟོན་པར་ཚིག་གྲོགས་དང་མཉམ་དུ་སྦྱར་ན་ཆོས་གང་ཞིག་ཡིན་པའམ་ཡོད་པའི་རྣམ་པ་ཙམ་སྟོན་པའི་ཚིག་སྟེ། གང་ཞིག་གང་ཡིན་པའམ། གང་ཞིག་གང་གི་ཡིན་པ་སྟོན་པ་དང། ཡང་ན་གང་ཞིག་གང་དུ་ཡོད་པའམ་གང་ལ་གང་ཡོད་པའི་རྣམ་པ་ཙམ་སྟོན་པའི་ཚིག་དཔེར་ན། ཡིན། ཡོད། རེད། འདུག སྣང་སོགས་ཡིན།

མཚུངས་ཚིག (Simile)
མཚོན་བྱེད་དཔེ་དང་མཚོན་བྱ་དོན་གཉིས་ཕན་ཚུན་འདྲ་མཚུངས་སུ་སྟོན་པར་བྱེད་པའི་སྒྲ་རྣམས་ཏེ། དཔེར་ན། བཞིན། འདྲ། ལྟར་ལྟ་བུ།

འབོད་ཚིག (Interjection/Exclamation)
སྐབས་འདིའི་འབོད་ཚིག་ཅེས་པ་ནི། རྒྱང་རིང་ལ་བརྡ་གཏོང་བ་དང་། ཚིག་གི་སྦྱོར་བ་རྣམས་སུ་གློ་བུར་ཐོལ་རྒྱག་ཏུ་བྱུང་བའི་སེམས་ཚོར་མཚོན་པའི་སྒྲ་གང་ཙམ་ཡོད་པ་དེ་དག་ལ་ཟེར། དཔེར་ན། ཨ་ལ་ལ། ཨེ་མ་ཧོ་ལྟ་བུ་རྣམས་སོ། །

གྲངས་ཚིག(Number)
ཁྱད་གཞི་གང་རུང་གི་གྲངས་མང་ཉུང་གི་ཚད་དང་རིམ་པ་གང་ཡིན་སྟོན་བྱེད་ཀྱི་ཚིག་ཅིག དཔེར་ན། གཅིག་དང་གཉིས། བརྒྱ་དང་སྟོང་སོགས་རྩ་གྲངས་སྟོན་པའི་གྲངས་ཚིག་དང་། དང་པོ། གཉིས་པ། གསུམ་པ་སོགས་རིམ་གྲངས་སྟོན་པའི་གྲངས་ཚིག་གི་རིགས་རྣམས་སོ། །

འཇལ་ཚིག (Quantifier)
བརྗོད་དོན་ཆ་ཚང་བར་སྟོན་པར་གྲངས་ཚིག་གི་སྔོན་དུ་སྦྱར་དགོས་ཤིང་། དངོས་པོའི་རིང་ཚད་དང་ལྗིད་ཚད་སོགས་སྟོན་པའི་ཚད་འཇལ་བྱེད་ཀྱི་ཚིག་ཅིག དཔེར་ན། སོར། མཐོ། ཁྲུ། འདོམ་པ། རྒྱང་གྲགས། དཔག་ཚད་སོགས་རིང་ཐུང་གི་ཚད་སྟོན་པའི་འཇལ་ཚིག་དང་། ཞོ། སྲང་། རྒྱ་མ། བྲེ། ཕུལ་སོགས་འཇལ་ཚིག་གི་རིགས་རྣམས་ཏེ། རས་མཐོ་གསུམ། ཐག་པ་འདོམ་པ་ལྔ། མར་སྲང་གང་། འབྲས་རྒྱ་མ་བཅུ་ཞེས་པའི་སྐབས་སུ་མཐོ་དང་རྒྱ་མ་སོགས་གྲངས་ཚིག་གསུམ་དང་བཅུ་སོགས་ཀྱི་སྔོན་དུ་སྦྱར་བ་ལྟ་བུའོ། །

གྲོགས་ཚིག (Particle)
ཚིག་གམ་ཚིག་ཚོགས་ཤིག་གི་ཆ་ཤས་སམ་ཟུར་གཏོགས་སུ་སྦྱར་ཚེ་ནུས་པ་གཞན་ཞིག་འདོན་པར་རམ་འདེགས་ཀྱི་ནུས་པ་ཐོན་པའི་ཚིག་གི་ཆ་ཤས་ཤིག དཔེར་ན། ཀྱིན། གྱིན། གིན་སོགས་བྱ་ཚིག་ད་ལྟ་བའི་མཐར་སྦྱར་ན་བྱ་བ་དེ་བྱེད་བཞིན་པར་སྟོན་པའི་གྲོགས་ཚིག་ཅིག་སྟེ། གཏམ་བཤད་ཀྱིན་འདུག ལྟད་མོ་སྟོན་གྱིན་ཡོད། ཆོས་གསུང་གིན་གདའ་སོགས་བྱ་ཚིག་གི་མཐར་སྦྱར་བའི་གྲོགས་ཚིག་དང་། ཅིག ཞིག ཤིག དག ཚོ། རྣམས་སོགས་གཅིག་ཚིག་དང་མང་ཚིག་གྲུབ་བྱེད་ཀྱི་གྲོགས་ཚིག་དང་། མིང་མཐའི་པ་པོ་བ་བོ་སོགས་མིང་གྲུབ་བྱེད་ཀྱི་གྲོགས་ཚིག་སོགས་མིང་མཐར་སྦྱར་ཚེ་དོན་གང་རུང་མཚོན་པར་རམ་འདེགས་ཀྱི་ནུས་པ་འདོན་པའི་རིགས་རྣམས་ཡིན།

བརྡ་ཆད་རིག་པ་ནི་ཐ་སྙད་དང་དེའི་འཇུག་ཚུལ་ལ་ཞིབ་འཇུག་བྱེད་པའི་རིག་པ་ཞིག་ཡིན། འདི་ལ་སྒྲ་ཡངས་འཇུག་དང་དོག་འཇུག་གཉིས་སུ་སྣང་ལ། འདིར་སྐབས་སུ་བབ་པ་ནི་སྒྲ་དོག་པའི་དབང་དུ་བྱ་དགོས་པ་ཡིན། བོད་དུ་སྡེ་ཚན་དབྱེ་འབྱེད་དང་བརྡ་ཆད་ཀྱི་རིམ་པ་གཏན་འབེབས་བྱུང་རིམ་ནི། ཕྱི་ལོ་ ༨༡༢ འབྲུག་གི་ལོ་ལ་སྟོང་ཐང་ལྡན་དཀར་དུ་བཀའ་བསྟན་གྱི་དཀར་ཆག་གཏན་འབེབས་སྐབས། བཀའ་བསྟན་གྱི་བརྗོད་བྱ་ལ་ལྟོས་ནས་སྡེ་ཚན་དབྱེ་འབྱེད་ཀྱི་གཏན་ལ་ཕབ་པ་དཀར་ཆག་ལྡན་དཀར་མར་གསལ་བ། ཐེག་པ་ཆེ་ཆུང་དང་། སྔགས་ཀྱི་རྒྱུད་སྡེ་བཅས་སྡེ་ཚན་ཆེན་པོ་དང་། 
 ནང་ཁུལ་དུ་ཡང་། འདུལ་བའི་སྡེ་སྣོད། མདོ་སྡེའི་ཊཱི་ཀཱ། དབུ་མའི་བསྟན་བཅོས། བསམ་གཏན་གྱི་ཡི་གེ། རྣམ་པར་ཤེས་པའི་བསྟན་བཅོས། ཏར་ཀའི་གཞུང་ཞེས་སྡེ་ཚན་དབྱེ་འབྱེད་ལེགས་པར་གནང་བ་དང་། བཀའ་ལ། ཤེར་ཕྱིན། ཕལ་ཆེན། དཀོན་བརྩེགས། མདོ་སྡེ་སོགས་ཀྱི་དབྱེ་བ་ཕྱེ་ཡོད་པ་གསལ། 
ཏུན་ཧོང་ཡིག་རྙིང་ (pellot tibetanin Touen-houang 700 ) ལས། དབུ་མ། ཕར་ཕྱིན། འདུལ་བ། མངོན་པ་མཛོད་རྣམས་ཀྱི་བརྗོད་བྱ་ཐེག་པ་གསུམ་དང་སྐུ་གསུམ་ལ་སོགས་པའི་རྣམ་བཞག མཁན་པོ་དག་ལས་ཐོས་པ་དང་། མདོ་དང་བསྟན་བཅོས་རྣམས་ལས་བྱུང་བའི་དོན་མདོ་ཙམ་ཞིག་བརྗེད་བྱང་དུ་བཀོད་པ། ཞེས་གསལ་བ་བཞིན་བཀའ་ཡི་དགོངས་འགྲེལ་གྱི་བསྟན་བཅོས་ལ། 
བརྗོད་བྱའི་སྒོ་ནས་སྡེ་ཚན་དབྱེ་འབྱེད་གནང་བ་གནའ་རབས་བོད་ཀྱི་ཡིག་ཆ་རྙིང་པ་རྣམས་ལས་རིགས་སྣ་ཚོགས་གསལ་པོར་བཀོད་ཡོད་ལ། ཁྱད་པར་འཇམ་མགོན་ས་སྐྱ་པཎ་ཆེན་བྱོན་པ་ནས་བཟུང་བོད་ཀྱི་རིག་གཞུང་རྣམས་རིག་པའི་གནས་ཆེ་ཆུང་བཅུའི་ནང་དུ་གཏན་ལ་ཕབ་པའི་ལུགས་སྲོལ་དང་། 
རིག་གནས་བཅུ་པོ་གང་ཟག་གཅིག་གིས་སློབ་གཉེར་གནང་བའི་ལུགས་བཟང་གི་སྲོལ་ཕྱེ། བྱེ་བྲག་བརྡ་ཆད་རྣམས་ལོགས་སུ་དབྱེ་བའི་ལུགས་སྲོལ་ཀྱང་། ཕྱི་ལོའི་དུས་རབས་བརྒྱད་པའི་ནང་བོད་རྗེ་ཁྲི་སྲོང་ལྡེའུ་བཙན་སྐབས་སྨན་གྱི་བརྡ་ཆད་ཀྱི་ཚིག་མཛོད་དང་། ལྷ་བཙན་པོ་ཁྲི་ལྡེ་སྲོང་བཙན་གྱི་སྐུ་རིང་ལ་རྒྱལ་བློན་ལོ་པཎ་གདན་འཛོམས་ཏེ། དེ་སྔའི་ཕུན་སུམ་ཚོགས་པའི་ཡིག་སྒྱུར་གྱི་ཉམས་མྱོང་ཕྱོགས་བསྡོམས་དང་། ཆོས་ཚིག་གཙོ་བོར་བྱས་པའི་བརྡ་ཆད་ཁག་ལ་བསྐྱར་ཞིབ་གནང་སྟེ་སྒྲ་སྦྱོར་བམ་གཉིས་སུ་གྲགས་པའི་ཕུལ་བྱུང་གི་བསྟན་བཅོས་གཏན་ལ་ཕབ། སྒྲ་སྦྱོར་བམ་གཉིས་ནི་བོད་ཀྱི་ཡིག་སྒྱུར་གྱི་རིག་པའི་གཞུང་ལུགས་ཐོག་མ་དང་། ཆོས་ཚིག་གཙོ་བོར་བྱས་པའི་བརྡ་ཆད་ཀྱི་ཚིག་མཛོད་ཅིག་ཡིན། 
 དེ་བཞིན་བྱེ་བྲག་རྟོགས་བྱེད་འབྲིང་ངམ་སྒྲ་སྦྱོར་བམ་གཉིས་དེ་ཉིད་གཞི་ལ་བཞག་སྟེ་བྱེ་བྲག་རྟོགས་བྱེད་ཆེ་བ་རྩོམ་སྒྲིག་མཛད་ཅིང་། དེ་བཞིན་སྐ་བ་དཔལ་བརྩེགས་ཀྱིས་བསྒྲིགས་པའི་ཆོས་སྐད་ཀྱི་ཚིག་མཛོད་ཆོས་ཀྱི་རྣམ་གྲངས་ཞེས་པ་དང། ཕྱིས་སུ་ཏུན་ཧོང་ཡིག་རྙིང་ལས་རྙེད་པའི་བོད་དང་རྒྱ་ནག་གི་སྐད་ཤན་སྦྱར་མའི་ཚིག་མཛོད་བཅས་བྱུང་ཡོད་པར་གཞིགས་ན། 
 བོད་ལ་རིག་གནས་མ་འདྲ་བ་སོ་སོའི་བརྡ་ཆད་གསར་བཟོ་དང་། གཏན་འབེབས། ཁྱབ་སྤེལ་བཅས་བྱེད་པའི་སྲོལ་རྒྱུན་རིང་པོ་ཡོད་པར་རྟོགས་སླ། སྒྲ་སྦྱོར་བམ་གཉིས་སུ་སྤྱིར་བཏང་གི་སྐད་གཉིས་ཤན་སྦྱར་གྱི་ཚིག་མཛོད་ཅིག་དང་བརྡ་ཆད་ཀྱི་མིང་མཛོད་གཉིས་ཀ་དཀྱུས་གཅིག་ཏུ་བསྟན་ཡོད་ནའང་། 
དེང་སང་རིག་ཚན་གྱི་དབྱེ་བ་དགར་སྟངས་ཞིབ་ཇེ་ཚགས་དང་རྣམ་གྲངས་ཇེ་མང་དུ་ཕྱིན་ཏེ་ཚིག་མཛོད་རིག་པ་དང་བརྡ་ཆད་རིག་པ་ཞེས་རིག་ཚན་གལ་ཆེན་པོ་གཉིས་སུ་གྱུར་ཏེ་ཞིབ་འཇུག་དང་ལག་ལེན་བྱེད་ཀྱིན་ཡོད། འོ་ན་དེ་གཉིས་ཀྱི་ཁྱད་པར་ཅི་ཞེ་ན། 
སྤྱིར་ཚིག་མཛོད་ཀྱི་ནང་དུ་ཆེད་སྤྱོད་བརྡ་ཆད་ཁག་ཀྱང་ཚུད་དགོས་པས་ཚིག་མཛོད་ནི་སྤྱི་དང་བརྡ་ཆད་ནི་དེའི་བྱེ་བྲག་ཡིན། བརྡ་ཆད་རིག་པ་ཞེས་པ་འདི་ནི། དཀར་ཆག་རིག་པ་དང་སྤྱིའི་ཆ་ནས་མཚུངས་ལ། དཀར་ཆག་རིག་པ་ནི། དཔེ་ཆ་ཧྲིལ་པོའམ་བརྗོད་བྱ་གཅིག་པའི་རྩོམ་ཡིག་རྣམས་རིག་ཚན་གྱི་སྒོ་ནས་དབྱེ་བ་ཞིག་ཡིན་ལ། བརྡ་ཆད་རིག་པ་ནི་དེ་ལས་ཞིབ་ཚགས་པོའི་སྒོ་ནས་ཐ་སྙད་རེ་རེ་བཞིན་དུ་གཞུང་ལུགས་དང་གྲུབ་མཐའ། ཐེག་པ་གང་གི་ཐུན་མོང་མ་ཡིན་པའི་ཆེད་སྤྱོད་ཐ་སྙད་ཡིན་མིན་ངོས་འཛིན་བྱེད་པའི་ཐབས་ལམ་ཞིག་ཡིན། 
སྨོན་ལམ་ཚིག་མཛོད་ཆེན་མོ་ནི་སྤྱིར་བཏང་གི་ཚིག་མཛོད་ཅིག་ཡིན་པ་ལས་རིག་ཚན་བྱེ་བྲག་པ་ཞིག་གི་ཆེད་སྤྱོད་བརྡ་ཆད་ཕྱོགས་བསྒྲིགས་ཀྱི་ཚིག་མཛོད་ཅིག་མིན་ནའང་། 
 སྤྱིར་བཏང་གི་ཚིག་མཛོད་ནང་དུའང་རིག་ཚན་ཁག་གི་ཐུན་མིན་བརྡ་ཆད་ཁག་ཀྱང་འདུ་བས་ན། བོད་རང་གི་སྐད་ཡིག་དང་རིག་གནས་ཀྱི་ཁྱད་ཆོས་དངོས་དང་བསྟུན་ནས་བརྡ་ཆད་ཀྱི་དབྱེ་བ་ནང་གསེས་དང་བཅས་བརྡ་ཆད་ཀྱི་རིམ་པ་དག་འདིར་རྩ་བའི་དབྱེ་བ་ཉི་ཤུའི་ནང་དུ་བསྡུས་ཡོད་ལ། ནང་གསེས་ཀྱི་དབྱེ་བ་ཞིབ་མོ་ཁག་བོད་ཀྱི་ཚིག་མཛོད་རིག་པའི་གཞུང་ལུགས་སུ་གཟིགས་འཚལ། བརྡ་ཆད་ཀྱི་དབྱེ་བ་དང་ངོས་འཛིན་ཁག་ང་ཚོས་ཉམས་མྱོང་དང་མཁས་དབང་གཞན་ལ་དྲི་གཏུགས་སོགས་བྱས་ནས་གཏན་ལ་ཕབ་པ་ཞིག་ཡིན་ཡང་། ད་དུང་དུས་དང་བསྟུན་ནས་ངེས་པར་ཡར་རྒྱས་གཏོང་དགོས་པ་ལས་ཁ་ཚོན་བཅད་ནས་བཤད་ཐུབ་པ་ཞིག་ག་ལ་ཡིན། བོད་ཀྱི་ཐུན་མོང་མ་ཡིན་པའི་བརྡ་ཆད་ཀྱི་དབྱེ་བ་ཁག་གང་ནུས་ཅི་ཐུབ་ཀྱིས་དཔྱད་ཞིབ་དང་གསར་བསྒྲིགས་བྱས་པ་ཡིན་པས། བོད་རིག་པའི་མཁས་དབང་རྣམས་ཀྱིས་མུ་མཐུད་ཞིབ་འཇུག་དང་ཡར་རྒྱས་གཏོང་དགོས་ས་ད་དུང་མང་པོ་ཡོད་ངེས་ལ། གྲུབ་མཐའ་ཁག་གི་ནང་གསེས་ཀྱི་དབྱེ་བ་ཞིབ་མོ་ཕྱེ་ན་མ་འོངས་པའི་བོད་རིག་པ་ཞིབ་འཇུག་པ་རྣམས་ལ་ཕན་པ་གང་ཆེ་ཡོད་པ་སྨོས་མ་དགོས་པ་ཞིག་ཡིན་སྟབས། ཅུང་ཙམ་ཞིབ་པར་ཕྱེ་བའི་ཁུལ་ཡིན། 
འོན་ཀྱང་ཤེས་བྱ་ལ་མཐའ་མེད་པ་དང་ཡར་རྒྱས་ལ་ཚད་མེད་སྟབས་མཐའ་གཅིག་ཏུ་དབྱེ་བསྡུ་འདི་ཙམ་གྱི་ཁོངས་སུ་ཤེས་བྱའི་རྣམ་གཞག་ཡོངས་སུ་རྫོགས་པ་འདུ་ཐུབ་པ་ཞིག་མིན་ཡང་། དེང་སང་ཡོངས་སུ་གྲགས་པ་དང་། རང་རེ་བོད་ལ་མཁོ་གལ་ཆེ་བའི་ཤེས་བྱའི་རྣམ་གཞག་གང་ཐུབ་ཀྱིས་བསྡུས་པ་ཙམ་ཡིན་མོད། འོན་ཀྱང་ད་དུང་ཞིབ་འཇུག་དང་དཔྱད་གླེང་དགོས་ས་ཧ་ཅང་མང་ལ། ལྷག་པར་གྲུབ་མཐའ་སོ་སོའི་ངོས་འཛིན་དང་ཁྱད་པར་དབྱེ་ཚུལ་མ་འདྲ་བའི་དབང་གིས་རང་ཕྱོགས་ཁོ་ན་ཙམ་བྱས་ནས་དབྱེ་བསྡུ་བྱ་མི་རུང་པའི་གྲུབ་མཐའི་ནང་ཁུལ་གྱི་ངོས་འཛིན་མང་པོ་རེ་ཞིག་བཏང་སྙོམས་སུ་མ་བཞག་ཐབས་མེད་ལྟ་བུ་ཆགས་ཡོད་པ་ཡང་ཤེས་པར་གནང་འཚལ། 
འདིར་བཀོད་པའི་བརྡ་ཆད་ཀྱི་དབྱེ་བ་ཁག་གི་ངོ་སྤྲོད་མཚོན་ཙམ་ཞུ་ན། 
༡ དད་པ་རྨང་གཞི་བྱས་པའི་དགེ་སྒྲུབ་སྡིག་སྤོང་གི་རྣམ་གཞག་ཆོས་ལུགས་ཀྱི་བརྡ་ཆད། ༢ རང་བྱུང་ཁམས་དང་མིའི་རིགས་ཀྱི་སྤྱི་ཚོགས་བྱུང་འཕེལ་རིམ་པ་བཀོད་པའི་བྱུང་བ་ལོ་རྒྱུས་ཀྱི་བརྡ་ཆད། ༣ སེམས་དང་ཚེ་སྲོག་རང་བྱུང་ཁམས་སོགས་ཀྱི་ཆོས་ཉིད་ལ་དཔྱད་པ་ལྟ་གྲུབ་ཀྱི་བརྡ་ཆད། ༤ ཟློས་གར་དང༌། སྙན་ངག བརྩམས་སྒྲུང་། ལྷུག་རྩོམ་བཅས་ཀྱི་རྣམ་གཞག་སྟོན་པ་རྩོམ་རིག་གི་བརྡ་ཆད། ༥ ལུས་ཀྱི་འབྱུང་ཁམས་མ་སྙོམས་པ་རྣམས་སྙོམས་པར་བྱེད་པའི་རྣམ་གཞག་གསོ་རིག་གི་བརྡ་ཆད། ༦ དམིགས་བསལ་གཞུང་དང༌། དེ་བཞིན་ཚོགས་པ་སྒྲིག་འཛུགས་ཁག་གི་སྲིད་དོན་ཁེ་ཕན་དང་འབྲེལ་བའི་རྣམ་གཞག་ཆབ་སྲིད་ཀྱི་བརྡ་ཆད། ༧ བརྟག་དཔྱད་དང་ཚོད་ལྟ་བརྒྱུད་ནས་རང་བྱུང་གཤིས་ལུགས་དང་དངོས་ཁམས་སོགས་ཀྱི་བདེན་པ་ཁུངས་སྐྱེལ་བྱེད་པའི་རིག་པའམ་རྣམ་གཞག་ཚན་རིག་གི་བརྡ་ཆད། ༨ མི་རྣམས་ཀྱི་རྣམ་དཔྱོད་ལ་བརྟེན་ནས་འཚོ་བའི་དགོས་མཁོ་དང་སྒྱུ་རྩལ་མཚོན་ཐབས་ཀྱི་ཆེད་དུ་གསར་སྐྲུན་བྱས་པའི་ཅ་དངོས་བཟོ་བཀོད་ཀྱི་རྣམ་གཞག་བཟོ་རིག་གི་བརྡ་ཆད། ༩ དབྱིབས་དང་གྲངས་ཀའི་རྣམ་གཞག་དང་། ཉི་ཟླ་གཟའ་སྐར་དང་། ལོ་ཟླ་སྤར་སྨེ་སོགས་ཀྱི་འཁོར་འགྲོས་ངེས་ཅན་ལ་བརྟེན་ནས་དུས་བཞིའི་དབྱེ་བ་དང་གནམ་གཤིས་ཀྱི་འགྱུར་ལྡོག་ལེགས་ཉེས་བླང་དོར་སོགས་ཤེས་ཐབས་ཀྱི་རྣམ་གཞག་རྩིས་རིག་གི་བརྡ་ཆད། ༡༠ རྒྱལ་ཁབ་བམ་སྤྱི་ཚོགས་ཤིག་གི་མི་ཚང་མས་བརྩི་བཀུར་རམ་དང་ལེན་དགོས་པའི་སྒྲིག་ལམ་ཁྲིམས་ལུགས་ཀྱི་བརྡ་ཆད། ༡༡ དཔལ་འབྱོར་གྱི་ལྟ་གྲུབ་དང། གཞུང་ལུགས་ཁག་སོགས་གཙོ་བོར་བསྟན་པའི་རིག་པ་དཔལ་འབྱོར་རིག་པའི་བརྡ་ཆད། ༡༢ རྒྱལ་ཁབ་ཀྱི་དམག་གི་སྒྲིག་འཛུགས་དང་བཀོད་བྱུས་ཀྱི་རྣམ་གཞག་དམག་དོན་རིག་པའི་བརྡ་ཆད། ༡༣ སྲིད་གཞུང་གིས་མང་ཚོགས་ཀྱི་ལས་དོན་བཀོད་བྱུས་བྱེད་ཐབས་འཛིན་སྐྱོང་གི་བརྡ་ཆད། ༡༤ སྐད་ཡིག་གི་འབྱུང་ཁུངས་དང་ངོ་བོ་འཕེལ་རྒྱས་སོགས་དཔྱོད་བྱེད་ཀྱི་རིག་པ་སྒྲ་རིག་པའི་བརྡ་ཆད། ༡༥ མིའི་ནུས་པ་དང་ཤེས་ཡོན་གོང་འཕེལ་གྱི་ཆེད་དུ། སློབ་གྲྭ་སོགས་ནས་བླང་དོར་འཇུག་ལྡོག་ལ་མི་རྨོངས་པའི་བསླབ་པ་སློབ་གཉེར་ལ་འཇུག་པའི་བྱ་གཞག་ཤེས་ཡོན་ནམ་སློབ་གསོའི་བརྡ་ཆད། ༡༦ བདེན་དོན་དང་གནས་ལུགས་འཚོལ་ཆེད་གཏན་ཚིགས་ཀྱི་རྣམ་གཞག་བཀོད་པའི་རིག་པ་ཚད་མའི་བརྡ་ཆད། ༡༧ ས་རྡོ་རི་བྲག་སོགས་ཀྱི་ཐོག་མའི་གྲུབ་ཚུལ་དང་འཕེལ་རིམ་སོགས་ཡང་དག་པའི་དཔྱད་ཐབས་ལ་བརྟེན་ནས་གཏན་ལ་འབེབས་བྱེད་ཀྱི་རྣམ་གཞག་སྟོན་པའི་གཞུང་ལུགས་ཀྱི་ཐུན་མིན་ཆེད་སྤྱོད་ཐ་སྙད་ས་རྒྱུས་སམ་ས་གཤིས་རིག་པའི་བརྡ་ཆད། ༡༨ སྤྱི་ཚོགས་ཀྱི་ངོ་བོ་དང་འཕེལ་རིམ་ཀུན་སྤྱོད་སོགས་ཡང་དག་པའི་དཔྱད་ཐབས་ལ་བརྟེན་ནས་གཏན་ལ་འབེབས་བྱེད་གཞུང་ལུགས་ཀྱི་ཐུན་མིན་ཆེད་སྤྱོད་ཐ་སྙད་སྤྱི་ཚོགས་རིག་པའི་བརྡ་ཆད། ༡༩ གཞུང་ལུགས་ལྟ་གྲུབ་ཀྱི་རྣམ་གཞག་ཇི་ལྟར་འཆད་པ་དང་དེའི་རྣམ་བཤད་རྩོམ་སྟངས་ཀྱི་རིག་པའི་རྣམ་གཞག་སྟོན་པ་འཆད་རྩོམ་རིག་པའི་བརྡ་ཆད། ༢༠ གནམ་ས་རི་རྩི་ཤིང་སོགས་ཀྱི་དབྱིབས་དང་ཁ་དོག་སོགས་ལ་དཔྱད་ནས་ལེགས་ཉེས་ཀྱི་རྟེན་འབྲེལ་བརྟག་པ་ས་དཔྱད་རིག་པའི་བརྡ་ཆད་བཅས་སུ་ཕྱེ་ཡོད།

བཞི་པ་འགྲེལ་བཤད།
སྔར་ཡོད་བོད་ཀྱི་ཚིག་མཛོད་ཁག་ལ་འགྲེལ་བཤད་ཀྱི་ཚད་གཞི་ངེས་གཏན་ཞིག་བྱུང་མེད་པར་མ་ཟད། དོན་ཚན་གལ་ཆེན་མང་པོར་ཕྱོགས་རེ་བའི་ལྟ་ཚུལ་བཟུང་ནས་དོན་དངོས་དང་མི་མཐུན་པའི་འགྲེལ་བཤད་བྱས་པ་ཡང་མང་། དེས་ན་ཚིག་མཛོད་ཀྱི་སྔོན་འགྲོར་འགྲེལ་བཤད་ཀྱི་ཚད་གཞི་ངེས་གཏན་བཟོ་རྒྱུ་ནི་ཚིག་མཛོད་རྩོམ་སྒྲིག་གི་སྔོན་འགྲོའི་ལས་གཞི་ཆེས་གལ་འགངས་ཆེ་བ་ཞིག་ཏུ་བརྩིས་པ་ཡིན།
  ཐ་སྙད་ཁག་ལ་འགྲེལ་བཤད་ཞིབ་ཚགས་དང་གོ་རིམ་ལྡན་པ་ཞིག་བྱེད་རྒྱུ་ནི་ཚིག་མཛོད་ཀྱི་ཁྱད་ཆོས་གཙོ་བོ་ཞིག་ཏུ་ཆགས་ཡོད་སྟབས། ཞིབ་ཚགས་པོ། གོ་རིམ་ལྡན་པ། གོ་སླ་བ་བཅས་གཙོར་བཟུང་གིས་འགྲེལ་བཤད་བྱེད་རྒྱུ་རྩ་དོན་དུ་བཟུང་ཡོད། 
  ཕྱོགས་གཞན་ནས་ཐ་སྙད་བསྡུ་ལེན་སྐབས་ཚད་གཞི་འདི་ལྟ་བུ་གཏན་འབེབས་བྱས་ཚེ། རང་གཞན་གཉིས་ཀར་སྟབས་བདེ་ལ་དོན་ཕན་ཆེ་བ་ཞིག་ཏུ་ངེས། དེའི་ཕྱིར་ང་ཚོས་གོ་བསྡུར་གང་འཚམ་བྱས་ཏེ་གཤམ་གསལ་འགྲེལ་བཤད་ཀྱི་ཚད་གཞི་ཁག་གཏན་འབེབས་བྱས་པ་ཡིན། གང་ཞིག་འགྲེལ་བཤད་བྱ་ཡུལ་བརྗོད་བྱ་རྣམས་ངོས་བཟུང་སྟེ། བརྗོད་དོན་རེ་རེ་བཞིན་འགྲེལ་བཤད་ལ་ཆ་རྐྱེན་གང་འདྲ་ཚང་དགོས་མིན་གཏན་འབེབས་བྱས་ཏེ། ད་གཟོད་འགྲེལ་བཤད་དགོས་པ་ལས། རྩོམ་སྒྲིག་པས་གང་དྲན་དྲན་ཙམ་གྱིས་འགྲེལ་བཤད་བྱས་ན་མི་འོང་བས། བརྗོད་དོན་ལ་ལྟོས་པའི་ཚད་གཞི་རྣམས་གཏན་འབེབས་དགོས་སྟབས། བརྗོད་དོན་རེ་རེར་ཚད་གཞི་བཟོ་དགོས་པས་ང་ཚོས་འགྲེལ་གཞི་ཁག་མི་འདྲ་བ་སུམ་ཅུ་རྩ་བརྒྱད་གཏན་འབེབས་བྱས་ནས་རེ་རེ་བཞིན་དེ་དག་ལ་འགྲེལ་བཤད་ཀྱི་ཚད་གཞི་ཞིབ་གསལ་དང་། འགྲེལ་ཚུལ་གྱི་ཐབས་ལམ་བཅས་གཏན་ལ་ཕབ་ཡོད་པ་རྒྱས་པར་བོད་ཀྱི་ཚིག་མཛོད་རིག་པར་གསལ་ལ་མདོ་ཙམ་གཤམ་གསལ།
༡ ལྟ་གྲུབ་དང་ཆོས་ལུགས། འབྱུང་ཁུངས་དང་། འགྲེལ་བཤད། མཚན་ཉིད། བཞེད་ཚུལ། 
༢ སེམས་ཁམས། བདག་རྐྱེན་དབང་པོ་དང་། ཡུལ། དབྱེ་བ། བྱེད་ལས། ངོ་བོ། རྣམ་པ།
༣ ལུས་ཁམས་དང་རྩ་འཁོར། དཔེ་རིས་དང་། འགྲེལ་བཤད། 
༤ ལུས་རྩལ། འཁྲུལ་འཁོར། ཕྱག་རྒྱ། མདོས་གླུད་གཏོར་གསུམ། དཔེ་རིས་དང་། འགྲེལ་བཤད། ཁུངས་ལུང་། 
༥ སངས་རྒྱས་བྱང་སེམས། མདོ་རྒྱུད་གང་ནས་བྱུང་། ཕྲིན་ལས་གཙོ་བོ། མཚན་གྱི་རྣམ་གྲངས། སྐུ་མདོག་ཕྱག་མཚན། 
༦ ལྷ་སྲུང་དང་ཡུལ་ལྷ་གཞི་བདག མདོ་རྒྱུད་བཀའ་གཏེར་གྱི་ཁུངས་དང་། ཕོ་ལྷ་མོ་ལྷ་མ་ནིང་གི་ལྷ་གང་ཡིན། སྐུ་མདོག་ཕྱག་མཚན།
༧ འབྱུང་བོའམ་གདོན་འདྲེ། རྒྱུ་དང་། ངོ་བོ། བྱེད་ལས། མིང་གཞན།
༨ མི་སྣ། འདིར་ངོ་སྤྲོད་བྱ་རྒྱུའི་མི་སྣ་ནི་ཕྱི་ལོ་ ༡༩༥༠ ཡན་ལ་འཁྲུངས་ཤིང་མཛད་རྗེས་དང་སྐད་གྲགས་ཅན་ཞིག་ཡིན་དགོས། འཁྲུངས་ལོ་དང་ཡབ་ཡུམ། འཁྲུངས་ཡུལ། མཛད་རྗེས་གཙོ་བོ། སློབ་དཔོན་སུ་ཡིན། མཚན་གྱི་རྣམ་གྲངས། འཁོར་སློབ་གྲགས་ཅན། འདས་ལོ། 
༩ གྲུབ་མཐའ་དང་ཆོས་བརྒྱུད། སྲོལ་འབྱེད་མཁན་པོ་དང་། ཐུན་མིན་ལྟ་གྲུབ། བརྒྱུད་པའི་ལོ་རྒྱུས།
༡༠ ལོ་རྒྱུས་དོན་རྐྱེན། དུས། ཡུལ། མི་སྣ། བྱུང་རྐྱེན་དང་མཇུག་འབྲས། (ཡིག་ཚང་གི་ཁུངས་ལུང་གསལ་འཁོད་བྱེད་རྒྱུ། )
༡༡ རྒྱལ་ཁབ། དེང་སང་གི་རྒྱལ་ཁབ་ཅིག་ཡིན་ན། ས་ཁྱོན་དང། མི་འབོར། དབུ་བརྙེས་དུས། ཆབ་སྲིད་ལམ་ལུགས། སྐད་ཡིག་དང་ཆོས་ལུགས། རྒྱལ་རྟགས། རྒྱལ་དར། གནའ་རབས་ཀྱི་རྒྱལ་ཁབ་ཅིག་ཡིན་ན། གནའ་བོའི་བྱུང་རབས་དང་། དེང་སང་ས་གནས་གར་གཏོགས། 
༡༢ དགོན་སྡེ་དང་རི་ཁྲོད། ཕྱག་འདེབས་མཁན། ལོ་དུས། གནས་ཡུལ། ཆོས་བརྒྱུད། 
༡༣ ས་མིང་། གནས་བཤད་མདོར་བསྡུས། ཆུ་བོའི་རིང་ཚད་དང་སྟོད་སྨད་ཀྱི་མིང་གི་ཁྱད་པར། རི་ཡི་མཐོ་ཚད། ས་གནས་གར་ཡོད། གནའ་དེང་གི་འབོད་ཚུལ་མ་འདྲ་བ། 
༡༤ བླ་བྲང་། དུས་ཚོད་དང་། མི་སྣ་གྲགས་ཆེན་སུ་ཕེབས། ཆོས་བརྒྱུད་གར་གཏོགས།
༡༥ ལྷ་ཁང། དུས་ཚོད། སྦྱིན་བདག གནས་ཡུལ། རྟེན་གཙོ། 
༡༦ གསུང་རྩོམ། མཛད་པ་པོ། བརྗོད་བྱ་གཙོ་བོ། ལེའུ་ཚན། མཛད་དུས། སྡེ་ཚན་གར་གཏོགས། (རྒྱ་གཞུང་ཁག་ལ་ལོ་པཎ་སུས་བསྒྱུར) ཕྱི་ལོ་ ༡༩༥༠ ལོའི་ཡན་ལ་གསུངས་པའམ་བསྒྱུར་བ་གང་རུང་ཡིན་དགོས།
༡༧ ཡིག་ཚགས། དུས་ཚོད། བརྗོད་དོན། དགོས་ཆེད། 
༡༨ སྨན་རིགས། རྒྱུ་ཆ། ཕན་ནུས། བསྟེན་ཚུལ། ཉར་སྟངས།
༡༩ ནད་ཀྱི་མིང་། ངོ་བོ། དབྱེ་བ། ནད་རྟགས། བཅོས་ཐབས། 
༢༠ བཟའ་བཏུང་། རྒྱུ་ཆ། བཟོ་ཐབས། རོ་བཅུད། ཡུལ་ལུང་གང་དུ་དར་མིན། 
༢༡ འཕྲུལ་ཆས། གསར་གཏོད་པ། བཀོལ་སྤྱོད་དང་། པར་རིས། 
༢༢ ཅ་དངོས། པར་རིས་དང་། བེད་སྤྱོད། 
༢༣ ཁྲིམས། ངོ་བོ། དགོས་པ། བྱུང་རྐྱེན།
༢༤ རྫོང་གཞིས་ས་ཁུལ། གནས། དུས། གཞུང་སྒེར་ཆོས་གསུམ་གར་གཏོགས་སོགས།
༢༥ ལས་གནས། ཆ་རྐྱེན། དུས་ཡུན། ཁྱབ་ཁོངས། དབང་ཚད། 
༢༦ ཚོ་སྡེ། (སྡེ་བ། ཚོ་བ། ཤོག་པ)སྡེ་དཔོན། དུད་གྲངས། གནས་ཡུལ། ལོ་རྒྱུས།
༢༧ བརྡ་སྤྲོད་ཀྱི་དབྱེ་བ་ཁག་ལ། སྡེ་ཚན་རེ་རེ་བཞིན་གོ་དོན་ནམ་ངོ་སྤྲོད་དང་། དཔེར་བརྗོད་ཁ་གསལ་རེ་འཇོག་རྒྱུ། 
༢༨ ཡི་གེ་རྐྱང་པ་ལ། རྟགས་ཀྱི་དབྱེ་བ་དང་། སྐྱེ་གནས་བྱེད་རྩོལ། 
༢༩ འདོད་རྒྱལ་གྱི་མིང་། ངོ་བོ་དང་བྱེད་ལས། 
༣༠ རྗེས་གྲུབ་ཀྱི་མིང་། ངེས་ཚིག་གི་སྒོ་ནས་འགྲེལ་བ། 
༣༡ མིང་གི་རྣམ་གྲངས་སམ་མངོན་བརྗོད། ངེས་ཚིག་དང་གཏམ་རྒྱུད། 
༣༢ དཔེ་ཆོས། དཔེ་ལས་ཆོས་ཇི་ལྟར་བསྟན་པའི་གོ་དོན། བེད་སྤྱོད་ཇི་ལྟར་གཏོང་ཚུལ་གྱི་དཔེར་བརྗོད།
༣༣ བརྡ་རྙིང་། གོ་དོན། ཚད་ལྡན་གྱི་གཞུང་རྙིང་པར་བེད་སྤྱོད་ཇི་ལྟར་བཏང་ཡོད་པའི་དཔེར་བརྗོད། 
༣༤ སྐྱེ་ཁམས། སྤྱིར་བཏང་གི་སྐྱེ་དངོས་ཤིག་ཡིན་ན། རྩ་བ། སྡོང་བོ། ཡལ་ག ལོ་འདབ། འབྲས་བུ། དབྱིབས། མདོག དུས་གནས་གང་དུ་སྐྱེ་མིན། དཔེ་རིས། མིང་གཞན། སྨན་དུ་བེད་སྤྱོད་གཏོང་དགོས་རིགས་ལ། རོ་ནུས། རང་བཞིན། (བསིལ་དྲོད་སྙོམས།) ཞུ་རྗེས།
༣༥ སྲོག་ཆགས། གནས་ཡུལ་དང་། བོངས་ཚད། ཁ་དོག ཐུན་མིན་ཁྱད་ཆོས། མིང་གཞན། 
༣༦ རྩེད་རིགས། གང་ནས་དར། ཨོ་རྩལ་དུ་ཚུད་མིན། རྩེད་མཁན་གྱི་གྲངས་ཚད། ཡུལ་ལུང་གང་དུ་དར་མིན། སྒྲིག་ཁྲིམས། 
གཞན་ཡང་ང་ཚོས་འགྲེལ་ཚུལ་གྱི་རྣམ་པ་འདི་དག་ཀྱང་བེད་སྤྱོད་བཏང་ཡོད། 
༡ དོན་འགྲེལ། ལྟ་གྲུབ་ཀྱི་སྐོར་ལ་མཚན་ཉིད་དང་། སྨན་རྫས་སྐྱེ་དངོས་སོགས་ལ་གྲུབ་ཆ་བྱེད་ལས་དང་ནུས་པ་སོགས་ཀྱིས་སྒོ་ནས་འགྲེལ་བཤད།
༢ ཚིག་འགྲེལ། རྗེས་གྲུབ་གྱི་མིང་རྣམས་ལ་ངེས་ཚིག་གི་སྒོ་ནས་འགྲེལ་བཤད། 
༣ གྲངས་འགྲེལ། དབྱེ་བ་ཁག་ལ་རྣམ་གྲངས་གྲངས་འདྲེན་དང་ཁུངས་ལུང་གསལ་སྟོན།
༤ རིས་འགྲེལ། མཆོད་རྫས་ཀྱི་རིགས་དང་འཁྲུལ་འཁོར་སོགས་ལ་དཔེ་རིས་བཀོད་ནས་འགྲེལ་བ། 
༥ སྐབས་འགྲེལ། སྒྲ་མཐུན་དོན་དཔག་རྣམས། དུས་གནས་སོགས་སྐབས་ཐོབ་དང་གཞུང་ལུགས་ཀྱི་དབང་གིས་སྐབས་ཤན་ཕྱེ་ནས་འགྲེལ་བ། 
༦ མིང་འགྲེལ། དོན་གཅིག་མིང་གི་རྣམ་གྲངས། ཡོངས་གྲགས་མ་ཡིན་པའི་མིང་ཡོངས་གྲགས་ཀྱིས་འགྲེལ་བ། 
༧ དཔེ་འགྲེལ། སྙན་ངག་དང་བརྡ་སྤྲོད་ཀྱི་སྐོར་ལ་བཀོལ་སྤྱོད་དོན་མཐུན་གྱི་དཔེ་བརྗོད་འཇོག་པ། 
༨ སྒྲུང་འགྲེལ། མངོན་བརྗོད་ཀྱི་རིགས་མང་པོའི་མིང་གི་བྱུང་རིམ་དང་འབྲེལ་ནས་བཤད་པ། 
༩ ཞོར་འགྲེལ། འབྱུང་ཁུངས་དང་སྤྱོད་སྒོའི་ཐ་སྙད་ཁུངས་དང་བེད་སྤྱོད་སོགས་གསལ་སྟོན་བྱེད་པ། 
༡༠ རྣམ་པ་བཀོད་འགྲེལ། རྒྱན་ཚིག་གི་རིགས་ལ་མཚོན་བྱའི་དངོས་པོའི་རྣམ་པ་བཀོད་འབྲི་བྱེད་པ། 
༡༡ ལྡོག་འགྲེལ། རྒྱན་ཚིག་སྐོར་འགའ་ལྡོག་ཕྱོགས་ཀྱི་ཚིག་གིས་འགྲེལ་བ། 
༡༢ བྱུང་འགྲེལ། ལོ་རྒྱུས་ཀྱི་སྐོར་རྣམས་བྱུང་རིམ་གྱི་སྒོ་ནས་འགྲེལ་དགོས། དཔེར་ན། དུས། ཡུལ། བྱ་བ། མི་སྣ་བཅས་བཀོད་ནས་འགྲེལ་དགོས། 
༡༣ བསྒྱུར་འགྲེལ། སྐད་ཡིག་གཅིག་གི་དགྲོལ་བྱའི་མིང་ལ་སྐད་ཡིག་གཞན་པ་ཞིག་གིས་འགྲེལ་བ།
གོང་གི་འགྲེལ་ཚུལ་གྱི་རིམ་པ་ཁག་གི་གྲངས་དང་གོ་རིམ་སོགས་རྣམ་པ་ཀུན་ཏུ་གཏན་ཁེལ་བྱས་པ་ཞིག་མིན་ཡང་། ང་ཚོས་གནས་སྐབས་རྣམ་གཞག་འདི་དག་བེད་སྤྱོད་བཏང་ནས་འགྲེལ་བཤད་བྱེད་ཀྱི་ཡོད། དེ་ལྟར་འགྲེལ་བཤད་ཀྱི་སྐོར་འདི་དག་སྨོན་ལམ་བརྡ་འཕྲིན་ཞིབ་འཇུག་ཁང་གི་རྩོམ་སྒྲིག་པ་རྣམས་དང་། གཞན་ཡང་ཆེད་མཁས་པ་གང་འཚམ་གདན་འདྲེན་ཞུས་ཏེ་གོ་བསྡུར་གྱིས་བསྒྲིགས་པ་ཞིག་ཡིན་ཡང་། ད་དུང་ལག་ལེན་དངོས་ཀྱི་ཁྲོད་ནས་འཐུས་སྒོ་མ་ཚང་བ་འཕྲི་སྣོན་དགོས་པ་སོགས་བྱུང་ན་སྐབས་བསྟུན་གྱིས་བཟོ་བཅོས་བྱ་ངེས་ལགས། 
 འགྲེལ་བྱེད་ཚིག་གི་སྦྱོར་བ་ཡང་ཁ་གསལ་ལ་གནད་འདུས་པ། བརྡ་སྤྲོད་པའི་སྤྱི་འགྲོས་དང་མཐུན་པ། གཞན་ལ་ཟུར་ཟ་དང་སྨོད་ཚིག འུད་བསྟོད། ཕྱོགས་སུ་ལྷུང་བ། རྒྱས་བསྡུས་ཐལ་དྲགས་པའི་གཏམ་སོགས་མི་སྤེལ་རྒྱུ། དག་ཆ་གཅིག་གྱུར་མེད་པའི་རིགས་འདི་ནས་གཏན་འབེབས་བྱས་པ་གཞིར་བཟུང་ལྟར་ལག་ལེན་ལ་བསྟར་གྱི་ཡོད། འགྲེལ་ཚིག་རྣམས་ཚད་ལྡན་གྱི་རང་གཞུང་ནས་བསྡུ་སྒྲིག་བྱ་སྐབས། མ་ཚིག་དང་འགྲེལ་ཚིག་བར་ལ་གསར་དུ་མཚམས་སྦྱོར་ངོ་སྤྲོད་སྤུས་ལེགས་དང་། མཚམས་ སྦྱོར་གྱིས་དོན་གྱི་གནད་གང་ཡིན་གསལ་བཤད་བྱེད་ཐུབ་པ་ཞིག་འབད་བརྩོན་བྱས་ཡོད། 
 དེ་བཞིན་ཚིག་མཛོད་ཀྱི་ཆ་ཤས་གཞན་མ་ཚིག་དང་འབྲེལ་བའི་སྒྲ་གདངས། བསྡུས་ཚིག ཉེ་ཚིག བརྡ་སྤྲོད་ཀྱི་འགྲོས་དང་འབྲེལ་བའི་རྒྱུན་སྤྱོད། སྤྱོད་སྒོ། ལྡོག་ཚིག མིང་གི་རྣམ་གྲངས། འདྲ་ཚིག བརྡ་ཆད་ཀྱི་རིག་པ་དང་འབྲེལ་བའི་འབྱུང་ཁུངས།
འགྲེལ་བཤད་ཀྱི་ཡན་ལག་དཔེ་རིས། དཔེར་བརྗོད། ཟུར་མཆན་བཅས་ཀྱི་རྣམ་གཞག་གཏན་ལ་ཕབ་ཡོད་ལ། དེ་ལྟར་དོན་གནད་རེ་རེར་སྔ་སྲོལ་མཁས་པའི་ལེགས་བཤད་དང་དེང་རབས་རྒྱལ་སྤྱིའི་སྐད་ཡིག་གི་སྤྱི་འགྲོས་བཅས་ལ་དཔྱད་བསྡུར་ཐེངས་མང་བྱས་པ་ལས། རང་སྣང་གང་དྲན་དང་ཤ་གཟུག་ཟ་རྐྱང་བྱས་པ་ཞིག་མིན་པས་གང་འཚམ་ཡིད་བརྟན་འཕེར་བ་ཡིན། 

ལྔ་པ་སྒྲ་གདངས།
སྒྲ་གདངས་ཞེས་པ་ནི། ཚིག་མཛོད་ནང་མ་ཚིག་གི་ཐ་སྙད་རྣམས་ལ་རྒྱལ་སྤྱིའི་སྒྲ་གདངས་དང། བོད་ཀྱི་ས་ཁུལ་ཆེན་པོ་གསུམ་སྟེ། མདོ་དབུས་ཁམས་གསུམ་གྱི་སྒྲ་གདངས་མཉམ་དུ་ཀློག་རྒྱུ་བཟོ་ཐབས་བྱ་རྒྱུ་དེ་ཡིན། སྨོན་ལམ་ཚིག་མཛོད་ཆེན་མོ་ནི་མཉེན་ཆས་ཅན་གྱི་ཚིག་མཛོད་ཅིག་ཡིན་ཞིང་། དེའི་ནང་དབྱིན་ཇིའི་མཉེན་ཆས་ཚིག་མཛོད་གྲགས་ཅན་སོགས་ལ་ཐ་སྙད་ཀྱི་སྒྲ་ཀློག་རྒྱུ་མཉམ་སྦྱར་ཡོད་པ་ལྟ་བུ་ཞིག་བཟོ་ཐབས་བྱེད་རྒྱུ་ཡིན་ལ། ཐེངས་འདིའི་ཚིག་མཛོད་ནང་སྒྲ་གདངས་གསར་དུ་བཟོས་མེད་ཀྱང་ཐོན་རྗེས་མའི་ནང་སྒྲ་གདངས་བཟོ་རྒྱུའི་ལས་འཆར་བཀོད་སྒྲིག་བྱས་ཡོད། 

དྲུག་པ་བསྡུས་ཚིག
བསྡུས་ཚིག་ནི། མི་སྣའམ་དངོས་པོ་གང་རུང་ཞིག་གི་མིང་གི་ཚིག་ཚོགས་རིང་བའམ་ཕྲད་དང་རྣམ་དབྱེ། མིང་མཐའ་སོགས་བསྡུས་ནས་བྲིས་པའི་མིང་སོགས་ཀྱི་རིགས་ཏེ། དཔེར་ན། སྡུག་བདེན་ཞེས་པ་སྡུག་བསྔལ་བདེན་པའི་བསྡུས་མིང་ཡིན་པ་ལྟ་བུ། བོད་སྐད་ནང་ཚིག་སྡུད་ཀྱི་རྣམ་གཞག་དང་བསྡུས་ཚིག་གང་འཚམ་མང་པོ་ཡོད་པ་དག་ངོས་འཛིན་གསལ་བཤད་ཞུས་ཡོད། 

བདུན་པ་ཉེ་ཚིག
སྐབས་འདིའི་ཉེ་ཚིག་ཅེས་པ་ནི། མ་ཚིག་རྣམས་དོན་གྱི་ཆ་ནས་འབྲེལ་བ་ཡོད་མེད་ལ་མ་ལྟོས་པར་ཚིག་གི་སྒྲ་གཟུགས་ཙམ་གྱི་ཆ་ནས་ཕྱོགས་འདྲའི་ཐ་སྙད་ཁག་གློག་ཀླད་ཀྱིས་རང་འགུལ་བསྟར་སྒྲིག་བྱ་རྒྱུ་སྟེ། དབྱིན་ཡིག་གི་གློག་ཀླད་མཉེན་ཆས་ཅན་གྱི་ཚིག་མཛོད་ཁག་ལ་ཁྱད་ཆོས་འདི་ལྡན་ཡོད།

བརྒྱད་པ་རྒྱུན་སྤྱོད། 
སྐད་ཡིག་གང་གི་ཆེས་རྨང་གཞིར་གྱུར་པའི་ཐ་སྙད་དེ། ཡུལ་ལུང་དང་ཤེས་ཚད། ལས་རིགས་སོགས་ལ་ཁྱད་མེད་པར་མི་རིགས་གཅིག་གི་ཐུན་མོང་གིས་འཚོ་བའི་ནང་རྒྱུགས་ཆེ་བའི་ཐ་སྙད་ཁག་ཡིན། རྒྱུན་སྤྱོད་ཐ་སྙད་ཀྱི་ཁྱད་ཆོས་གཙོ་བོ་ནི། དམངས་ཡོངས་ཀྱི་རང་བཞིན་ཡིན་པ། བཀོལ་ཡུན་རིང་བ། ཐ་སྙད་མང་པོའི་གྲུབ་གཞིར་ཆགས་པ་བཅས་ཡིན། རྒྱུན་སྤྱོད་དག་གསར་ཤོག་སོགས་ཡོངས་ཁྱབ་རྩོམ་ཡིག་སྤེལ་བ་ལ་ཐོག་མར་ངེས་པར་གཏན་འབེབས་དགོས་པ་ཞིག་ཡིན་ཡང་། ད་སྔོན་བོད་ཀྱི་ཚིག་མཛོད་ཁག་ཏུ་ངོས་འཛིན་བྱེད་ཐུབ་མེད་ཀྱང་། ང་ཚོས་གང་འཚམ་གཏན་འབེབས་བྱས་ཏེ་དམིགས་བཀར་ལྡེའུ་མིག་གི་རྟགས་བཏབ་ཡོད།

དགུ་པ་དམིགས་བསལ་ཅན་གྱི་སྤྱོད་སྒོ་ངོས་འཛིན། 

སྤྱོད་སྒོ་ཞེས་པ་ནི། བོད་ཀྱི་སྐད་བརྡའི་ཐ་སྙད་འགའ་ཞིག་བེད་སྤྱོད་གཏོང་ཕྱོགས་ཀྱི་ཆ་ནས་སྐབས་བསྟུན་གྱིས་གསལ་བཤད་བྱེད་དགོས་པའི་རིགས་ལ་ཟུར་དུ་ངོས་འཛིན་བྱ་རྒྱུ་སྟེ། དེའི་ནང་། ༡ གཞུང་ལུགས་ཁག་གི་ནང་ཡོངས་ཁྱབ་བེད་སྤྱོད་མེད་ལ་འཚོ་བའི་ཁྲོད་བཀོལ་སྤྱོད་བྱེད་བཞིན་པའི་ཐ་སྙད་ཡུལ་སྐད་དང་། ༢ གུས་བཀུར་དང་ཡ་རབས་མཚོན་བྱེད་ཀྱི་ཚིག་ཞེ་ས། ༣ མཐོང་ཆུང་དང་དམའ་འབེབས་བྱེད་སྤྱད་ཀྱི་ཚིག་བརྙས་ཚིག ༤ ཡུལ་གྲུ་ཆུང་ཁག་གི་ནང་དམིགས་བསལ་བེད་སྤྱོད་གཏོང་བཞིན་པའི་ཐ་སྙད་བཀོལ་ཁྱབ་ཆུང་བའི་རིགས་ལོག་སྐད། ༥ རྗོད་ཚིག་གང་ཞིག་ཡུན་རིང་འཚོ་བའི་ཁྲོད་གཏན་འཇགས་སུ་གནས་པ་དང་། བརྗོད་དོན་ཅུང་ཟབ་ཅིང་། ཚིག་ཉུང་ཞིང་སྡེབ་ལེགས་པ་མང་ཆེ་བ་ཚེག་བར་བཞི་ཅན་དང་གཙོ་བོ་མིང་གི་ཚོགས་པར་གནས་པ་དཔེ་ཆོས། ༦ རྩོམ་རིག་སྒྱུ་རྩལ་ཀྱི་ཆེད་དུ་བྱེད་ལས། གཏམ་རྒྱུད། ལོ་རྒྱུས། དབྱིབས་གཟུགས། རྒྱུ་འབྲས་སོགས་རྒྱུ་མཚན་ངེས་ཅན་ལ་བརྟེན་ནས་བཏགས་པའི་རྩ་བའི་མིང་ལས་མིང་གཞན་མངོན་བརྗོད། ༧ གནའ་རབས་ཀྱི་གཞུང་ལུགས་རྣམས་སུ་བེད་སྤྱོད་བྱས་ཤིང་། སྐད་བརྡའི་བྱུང་འཕེལ་གྱི་དབང་གིས་དེང་སང་ཡོངས་གྲགས་སུ་དེའི་ཚབ་ཏུ་ཐ་སྙད་གསར་པ་བེད་སྤྱོད་གཏོང་བཞིན་ཡོད་པ་བརྡ་རྙིང་བཅས་ཡོད། 

བཅུ་པ་ལྡོག་ཚིག 
ཐ་སྙད་དེའི་ནང་དོན་དང་བརྗོད་ཚུལ་ཅི་རིགས་ཐ་སྙད་གཞན་དེའི་ལྡོག་ཕྱོགས་སུ་སོང་ཡོད་པའི་ཐ་སྙད་རྣམས་ཏེ། ལྡོག་ཚིག་ནི་སྐད་ཡིག་གི་ཁྱད་ཆོས་ཤིག་ཡིན་ཞིང། བོད་ཀྱི་སྐད་ཡིག་ནང་རྒྱན་ཚིག་དང་ལྟོས་གྲུབ་ཀྱི་མིང་སོགས་ལ་ལྡོག་ཚིག་ཡོད་ཀྱང་ད་ཕན་གྱི་བོད་ཀྱི་ཚིག་མཛོད་ཁག་ནང་དེའི་སྐོར་ངོས་འཛིན་དང་གསལ་སྟོན་བྱས་པ་ཧ་ཅང་ཉུང་། འདིར་ལྡོག་ཚིག་གི་ཐ་སྙད་ཁག་ངོས་འཛིན་དང་རྩོམ་སྒྲིག་བྱས་ཡོད།

བཅུ་གཅིག་པ་མིང་གི་རྣམ་གྲངས།
མིང་གི་རྣམ་གྲངས་ནི། དངོས་པོ་སོགས་གང་ཡང་རུང་བ་ཞིག་ལ་མིང་མ་འདྲ་བ་ཁ་ཤས་སམ་དུ་མ་ཡོད་པ་ཁག་སྟེ། ཚིག་མཛོད་ནང་མ་ཚིག་གཙོ་བོའི་འོག་ཏུ་མིང་གི་རྣམ་གྲངས་ཁག་ཕྱོགས་གཅིག་ཏུ་བསྒྲིགས་ཡོད། བོད་ཀྱི་སྐད་བརྡའི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་གཅིག་ནི་དོན་གཅིག་མིང་གི་རྣམ་གྲངས་སམ་མིང་མང་པོ་དོན་གཅིག་ལ་འཇུག་པ་དེ་ཡིན་ཞིང། སྨོན་ལམ་ཚིག་མཛོད་ཆེན་མོའི་ནང་བོད་ཡིག་ཐོག་འབྲི་རྩོམ་དང། རྩོམ་སྒྲིག་གནང་མཁན་སོགས་ལ་སྟབས་བདེ་ཡོང་ཆེད་གང་འཚམ་ཕྱོགས་གཅིག་ཏུ་བསྡུ་སྒྲིག་བྱས་ཡོད། 

བཅུ་གཉིས་པ་འདྲ་ཚིག
སྐབས་འདིའི་འདྲ་ཚིག་ཅེས་པ་ནི། ཚིག་མཛོད་ནང་དོན་མཐའ་གཅིག་ཏུ་མི་མཚུངས་ཀྱང་ཕྱོགས་ཙམ་འདྲ་བ་ཁག་ཟུར་གཅིག་ཏུ་བསྒྲིག་རྒྱུ་དེ་ཡིན། དཔེར་ན། ཡག་པོ། ཕུལ་བྱུང་། ལེགས་པ། མཆོག་གྱུར། རབ་ལྟ་བུ་སོགས་ནི་འདྲ་ཚིག་ཡིན་པ་ལས། ལག་ལྡན་དང་གླང་ཆེན་ལྟ་བུ་དོན་གཅིག་མིང་གི་རྣམ་གྲངས་མིན་ཡང་། དོན་གྱི་ཆ་ནས་ཕྱོགས་འདྲ་ཆགས་ཡོད་སྟབས་ཟུར་གཅིག་ཏུ་བསྒྲིག་ཐུབ་ན་བོད་ཀྱི་སྐད་ཡིག་ལ་སློབ་གཉེར་དང་ཞིབ་འཇུག་བྱེད་མཁན་ཚོར་ཕན་ཐོགས་ཡོད་པ་ཡིན། 
བཅུ་གསུམ་པ་ཐ་སྙད་ཀྱི་འབྱུང་ཁུངས།

ཐ་སྙད་ཀྱི་འབྱུང་ཁུངས་ནི། བོད་སྐད་ཀྱི་ཐ་སྙད་ནང་མང་པོ་ཞིག་ལེགས་སྦྱར་སོགས་ཀྱི་མིང་བརྡ་སྒྲ་སོར་འཇོག་དང། དེ་བཞིན་གཞན་སྐད་ཟུར་ཆག་གི་གྲས་མང་པོ་ཞིག་ཡོད་པས་དེ་དག་ངོས་འཛིན་བྱེད་རྒྱུ་དེ་ཡིན། སྨོན་ལམ་ཚིག་མཛོད་ཆེན་མོའི་ནང་ཐ་སྙད་ཀྱི་འབྱུང་ཁུངས་ཐད་ཟུར་ཆག་དང་། རྒྱ་གར། རྒྱ་ནག སོག་པོ། མན་ཇུ། དབྱིན་ཇི། བལ་བོ། ཨ་རབ་བཅས་བཀོད་ཡོད་ལ། མ་འོངས་པར་ཐ་སྙད་ཀྱི་འཕེལ་རིམ་དང་དུས་རབས་སོ་སོའི་འགྱུར་འགྲོས་བཅས་ལ་དཔྱད་ནས་ཞིབ་འགོད་བྱ་འཆར་ཡིན། 

བཅོ་ལྔ་པ་དཔེ་རིས། 
དཔེ་རིས་ནི། ཚིག་མཛོད་ནང་ཐ་སྙད་ཁག་གི་འཇུག་དོན་ལ་ཚིག་གི་ལམ་ནས་འགྲེལ་བཤད་ཇི་ཙམ་བྱས་ཀྱང་ཁ་གསལ་ཡོང་མི་ཐུབ་པའི་ཐ་སྙད་དེ། དཔེར་ན། ཀླད་རྩའི་སྐོར་དང་། འཕྲུལ་རིག་གི་སྐོར། དཀྱིལ་འཁོར། གཏོར་མ། མཆོད་རྫས། གྱོན་པ་སོགས་ལ་འགྲེལ་བཤད་དང་ལྷན་ཏུ་དེའི་དཔེ་རིས་འགོད་རྒྱུ་དེ་ཡིན། སྤྱིར་འདི་ཉིད་ནི་འགྲེལ་བཤད་ཀྱི་ཆ་ཤས་སུ་གཏོགས་ཤིང་། སྨོན་ལམ་ཚིག་མཛོད་ཆེན་མོའི་ནང་བོད་རང་གི་སྔར་གྱི་ཅ་དངོས་རྙིང་པ་དེ་འདྲ་ལའང་པར་རིས་མཉམ་དུ་འགོད་ཐབས་ལ་འབད་རྒྱུ་ཡིན་ལ། ཐོན་དང་པོའི་ནང་དཔེ་རིས་ཁག་མང་པོ་བཀོད་ཐུབ་མེད་ཀྱང་མུ་མཐུད་ཡར་རྒྱས་གཏོང་རྒྱུ་ཡིན། 

བཅུ་དྲུག་པ་མཚོན་བྱེད་དཔེར་བརྗོད། 
མཚོན་བྱེད་དཔེར་བརྗོད་ཅེས་པ་ནི། ཚིག་མཛོད་ནང་གི་ཐ་སྙད་ཁག་ལ་ངེས་ཚིག་གམ་མཚན་ཉིད་སོགས་ཀྱི་སྒོ་ནས་འགྲེལ་བཤད་བརྒྱབ་པ་ཙམ་མ་ཟད། དགོས་ངེས་ཁག་ལ་གོ་དོན་མཚོན་བྱེད་ཀྱི་དཔེར་བརྗོད་གསར་འཇོག་བྱ་རྒྱུ་དེ་ཡིན། མིང་ཚིག་ལས་རིག་གནས་དང་ལོ་རྒྱུས་ཀྱི་ཐ་སྙད་ཁག་ལ་ལུང་འདྲེན་སོགས་བྱ་རྒྱུ་ལས་དམིགས་བསལ་དཔེར་བརྗོད་བྲིས་ན་དེ་ཙམ་དགོས་མཁོ་མེད་པ་དང། དེ་མིན་རྒྱུན་སྤྱོད་མིང་ཚིག་ཕལ་མོ་ཆེར་དཔེར་བརྗོད་བཞག་ན་གོ་དོན་གསལ་རྟོགས་ལ་ཕན་ཐོགས་ཡོད། ལྷག་པར་དུ་རྒྱན་ཚིག་དང། ཚབ་ཚིག བྱ་ཚིག སྒྲུབ་ཚིག མཚུངས་ཚིག བསྣན་ཚིག ཕྲད་ཚིག འབོད་ཚིག་བཅས་ལ་རང་རང་གི་འཇུག་དོན་བཞིན་ཁ་གསལ་ཞིང་གོ་བདེ་བའི་དཔེར་བརྗོད་བཞག་ཡོད། 

བཅུ་བདུན་པ་ཟུར་མཆན། 
ཟུར་མཆན་ཞེས་པ་ནི། ཚིག་མཛོད་འདི་ཉིད་དངོས་སུ་རྩོམ་སྒྲིག་གི་ལག་ལེན་ནང་། སྔར་ཡོད་དཔྱད་གཞིའི་རྒྱུ་ཆའི་ཚིག་མཛོད་ཁག་ནང་མ་ཚིག་གི་ཐ་སྙད་ནོར་འཕྱུག་ཅན་དང། འགྲེལ་བཤད་ནོར་འཁྲུལ་ཅན། དེ་བཞིན་འགྲེལ་བཤད་དང་དཔེར་བརྗོད་གཉིས་འབྲེལ་མེད་དོན་གཞན་ཆགས་པ། ཡིག་ནོར་སོགས་ཀྱི་གནད་དོན་ཁག་ལ་སྐབས་འཕྲལ་སོ་སོར་ཟུར་མཆན་གྱི་ཚུལ་དུ་དགོད་རྒྱུ་དེ་ཡིན། 
དེ་ལྟར་གོང་དུ་སྨོས་པའི་ཆ་ཤས་ཁག་དེ་དག་ཚིག་མཛོད་ནང་གི་མིང་བརྡའི་ཐ་སྙད་ཡོངས་རྫོགས་ལ་ཚང་དགོས་པ་དང་ཚང་ཐུབ་པ་མིན་ཡང་། ཐ་སྙད་མང་པོ་ཞིག་ལ་ཁྱད་ཆོས་འདི་དག་ཚང་བ་ཞིག་བྱུང་ན་ད་གཟོད་རྒྱལ་སྤྱིའི་རིམ་པའི་ཚིག་མཛོད་ཀྱི་ཚད་གཞི་ལོངས་ཀྱི་ཡོད་སྟབས་ང་ཚོས་ཐབས་ཤེས་སྣ་མང་བྱས་པའི་ཁུལ་ཡིན། འདི་དག་གཞི་ལ་བཞག་ནས་མ་འོངས་པར་ཡང་བོད་ཀྱི་སྐད་ཡིག་དང་མཐུན་ཞིང་དུས་རབས་ཀྱི་དགོས་མཁོ་སྐོང་ཐུབ་པའི་ཚིག་མཛོད་རིག་པའི་གཞུང་ལུགས་གྲ་རྒྱས་སྤུས་དག་ཅིག་བཟོ་རྒྱུར་ཕྱོགས་ཡོངས་ནས་འབད་བརྩོན་བྱ་རྒྱུ་ཡིན།

མཇུག་བསྡུ་བ།
ཚིག་མཛོད་ནི་རྩོམ་ཡིག་གཞན་དང་མི་འདྲ་བར་བཀོལ་ཁྱབ་ཆེ་བ། མཁས་བླུན་བར་མའི་སྐྱེ་བོ་སུ་ལ་ཡང་མཁོ་གལ་ཆེ་བ། བཀོལ་ཡུན་རིང་བ། ལྷག་པར་སློབ་གཉེར་མཁན་གསར་པ་དང་། ཡིག་སྒྱུར་གྱི་ལས་རིགས་གཉེར་མཁན་ལ་མེད་དུ་མི་རུང་བ་ཞིག་ཡིན་གཤིས། མུ་མཐུད་ཡར་རྒྱས་དང་ཞིབ་ཚགས་ལ་གཏང་དགོས་པ་སྨོས་མེད་ཡིན་པས། འདི་ནས་བོད་ཕྱི་ནང་གི་མཁས་དབང་མང་པོའི་དགོངས་ཚུལ་བསྡུ་ལེན་དང་བགྲོ་གླེང་གི་རིམ་པ་མང་པོ་བྱས་པ་དང་། 
ལས་རོགས་རྣམ་པས་ཀྱང་ངལ་བ་དང་ལེན་དང་འབད་བརྩོན་ལྷོད་མེད་གནང་སྟེ། བོད་རང་གི་སྔར་ཡོད་ཚིག་མཛོད་ཁག་གི་ལེགས་ཆ་རྒྱུན་འཛིན་དང་། དེའི་ཐོག་དེང་རབས་རྒྱལ་སྤྱིའི་རིམ་པའི་ཚིག་མཛོད་ཚད་ལྡན་ཁག་གི་སྒྲིག་སྟངས་ལས་ལེགས་ཆ་བླངས་ཏེ། རྒྱལ་སྤྱིའི་ཚིག་མཛོད་ཀྱི་ཚད་ལོངས་པའི་བོད་ཡིག་ཚིག་མཛོད་ཅིག་སྒྲིག་བཟོ་བྱ་རྒྱུར་འབད་བརྩོན་བསྟེན་ཡོད། བོད་དང་ཧི་མ་ལ་ཡའི་མི་རིགས་ཁག་སོགས་སྐད་ཡིག་རིག་གནས་གཅིག་གྱུར་ཡིན་པའི་སློབ་གཉེར་པ་དང་། ཞིབ་འཇུག་པ། དེ་བཞིན་ཤེས་ཡོན་གྱི་ལས་ཀ་སྒྲུབ་མཁན་ཚོར་ཕན་ཐོགས་དང་། བོད་རིག་པར་ཞིབ་འཇུག་དང་སློབ་གཉེར་གནང་མཁན་གྱི་ཕྱི་རྒྱལ་མཁས་པ་དང། སློབ་ཕྲུག་སོགས་བོད་ཀྱི་རིག་གནས་ལ་དོ་སྣང་སྔར་ལྷག་ཡོང་བའི་རེ་བ་བཅངས་ཡོད། མ་འོངས་པར་ཡང་ང་ཚོའི་ལས་དོན་འདིར་ཕྱི་ནང་གི་ཤེས་ལྡན་དག་གིས་དགོངས་ཚུལ་དང་ལམ་སྟོན་ལྷུག་སྩོལ་ཡོང་བའི་རེ་སྐུལ་ཞུ། 

འཇིག་རྟེན་དབང་ཕྱུག་དགྱེས་པའི་སྤྱན་རས་འདབ་དྲུག་ཁ་བའི་མེ་ཏོག་བཀྲ། །
ལས་སྨོན་བཀའ་རྒྱ་བྱམས་བརྩེའི་རང་གཟུགས་གངས་དཀར་རི་བོའི་གདུ་བུ་བཀོད། །
དཔའ་མཛངས་སྙན་པའི་གྲགས་དཀར་རབ་གཡོ་ཁ་འབབ་བཞི་ཡི་རྦ་རླབས་འཕྱོ། །
གདོང་དྲུག་ཕུ་ནུའི་དུང་སེམས་ལང་ཚོ་སྙིང་ལ་མི་འགྱུར་གཡུང་དྲུང་རིས། །

སྨོན་ལམ་ཚིག་མཛོད་ཆེན་མོའི་སྤྱི་ཁྱབ་རྩོམ་སྒྲིག་འགན་འཛིན་འཇུ་བསྟན་སྐྱོང་གིས་ཕྱི་ལོ་ ༢༠༢༡ ལོའི་ཟླ་ ༡༢ ཚེས་ ༢༡ ལ།